༢༠༡༦ ཟླ་ ༣ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་གཞུང་གཉིས་ནས་ལོ་ལྟར་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་ཆེད་སྨན་པའི་སློབ་སྦྱོང་ (MBBS) དང༌། བཟོ་སྐྲུན་རིག་གནས་ (Engineering) སློབ་སྦྱོང་བཅས་ཀྱི་དམིགས་བསལ་ཟུར་བཅད་ཞབས་སྟེགས་ཁག་ཅིག་གནང་མུས་སོང༌། ཞུགས་བློ་ཡོད་རིགས་ནས་གཤམ་གསལ་དོན་ཚན་ཁག་ལ་ཐུགས་སྣང་ཡོང་བའི་གསལ་བསྒྲགས་སུ།
དང་པོ། སྨན་པའི་སློབ་སྦྱོང་ MBBS ཆེད་ཟུར་བཅད་ཞབས་སྟེགས་ ༣
ཀ༽ ཕྱི་ལོ་ ༢༠༡༦ སློབ་དུས་ཀྱི་དབུས་དང་མངའ་སྡེ་གཉིས་ཀྱི་ཟུར་བཅད་སྨན་པའི་ས་མིག་ཐོག་ཞུགས་བློ་ཡོད་པའི་སློབ་ཕྲུག་ཡོངས་ནས་ངེས་པར་དུ་རྒྱལ་ཡོངས་སྔོན་འགྲོའི་སྨན་པའི་ All India pre-medical test (AIPMT) ཚུད་རྒྱུགས་ནང་འགྲན་ཞུགས་གནང་དགོས་སྐོར་འདི་ནས་འབྲེལ་ཡོད་སློབ་གྲྭ་དང་ས་གནས་འགོ་འཛིན་ཡོངས་རྫོགས་བརྒྱུད་གསལ་བསྒྲགས་སྔོན་སོང་ལྟར། སྨན་སློབ་བྱ་འདོད་ཡོད་རིགས་ནས་དེབ་བཀོད་གྲུབ་ཡོད་པའི་ཡིད་ཆེས་ཞུ་གི་ཡོད་ན། རྒྱལ་ཡོངས་(AIPMT) ཚུད་རྒྱུགས་ཀྱི་ལམ་སྟོན་བཞིན་བརྒྱ་ཆ་རྩེ་བཏོག་གིས་གཤམ་གསལ་ས་མིག་ཐོག་རྒྱབ་གཉེར་ཞུ་རྒྱུ་ཡིན།
༡༽ དབུས་གཞུང་གི་སྨན་པའི་ས་མིག་ཐད་དབུས་བོད་སློབ་འཛིན་ཚོགས་ཀྱི་ CTSA ཁྱབ་ཁོངས་གཞི་རིམ་སློབ་གྲྭ་ནས་ཕྱི་ལོ་ ༢༠༡༦ ལོར་འཛིན་རིམ་བཅུ་གཉིས་པའི་ཚན་རིག་ PCB སློབ་སྦྱོང་ཐོན་པའི་སློབ་ཕྲུག་ཁོ་ནའི་ཆེད་ཟུར་བཅད་ཞབས་སྟེགས་གཅིག་ཡོད།
༢༽ ཧི་མཱ་ཅལ་མངའ་གཞུང་གི་སྨན་པའི་ས་མིག་ཐད་གཞུང་སྒེར་སློབ་གྲྭའི་ནང་འཛིན་རིམ་བཅུ་གཉིས་པའི་ཚན་རིག་ PCB སློབ་སྦྱོང་ཐོན་པའི་སྐྱབས་བཅོལ་བོད་མིའི་སློབ་ཕྲུག་ཆེད་ཟུར་བཅད་ཞབས་སྟེགས་གཉིས་ཡོད།
ཁ༽ སྒེར་སློབ་སློབ་ཕྲུག་དང་སློབ་ཕྲུག་རྙིང་པ་ཁོངས་ནས་ AIPMT སྒྲིག་དོན་ཆ་རྐྱེན་ཚང་རིགས་རྣམས་ལ་འདི་གའི་ལས་ཁུངས་ནས་གོང་གསལ་སྨན་པའི་ཟུར་བཅད་ཞབས་སྟེགས་ཆེད་རྒྱབ་གཉེར་ཞུ་རྒྱུར་ AIPMT ཚུད་རྒྱུགས་ཁོངས་དེབ་བཀོད་ཟིན་པའི་ལག་འཁྱེར་གྱི་ Admit Card ངོ་བཤུས་དང༌། དོ་བདག་གི་དྭང་བླངས་དཔྱ་དངུལ་ལག་དེབ་ཕྱི་ལོ་ ༢༠༡༥ ཟླ་ ༡༢ བར་གཙང་ཕུལ་ཟིན་པ། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་ཡོད་པའི་ངོ་བཤུས་བཅས་ཀྱི་སྟེང་ས་གནས་འགོ་འཛིན་ནས་དག་མཆན་འཁོད་པ་བཅས་ ༢༠༡༦ ཟླ་ ༤ ཚེས་ ༡༥ ནང་ཚུད་འདི་གར་འབུལ་དགོས།
གཉིས་པ།༽ བཟོ་སྐྲུན་རིག་གནས་ (AIPMT) ཆེད་ཟུར་བཅད་ཞབས་སྟེགས་ ༧ ཡོད་པ་གཤམ་གསལ་ཆ་བགོས་
ལྟར་རྩ་འཛིན་བྱ་རྒྱུ།
ཨང་། | སློབ་ཚན། | ཞབས་སྟེགས་གྲངས། |
༡ | ཀམ་པཱུ་ཊར་བཟོ་སྐྲུན་རིག་གནས། (Computer Engineering) | གཉིས། |
༢ | འཛུགས་སྐྲུན་འཆར་འགོད་རིག་གནས། (Civil Engineering) | གཉིས། |
༣ | འཕྲུལ་ཆ་བཟོ་སྐྲུན་རིག་གནས། (Mechanical Engineering) | གཅིག |
༤ | རྫས་སྦྱོར་བཟོ་སྐྲུན་རིག་གནས། (Chemical Engineering) | གཅིག |
༥ | གློག་ལས་སྣེ་ཁྲིད་རིག་གནས། (Electrical Engineering) | གཅིག |
གོང་གསལ་ཟུར་བཅད་ས་མིག་ཁག་སྒྲིག་དོན་ (JEE Main) ཚུད་རྒྱུགས་ཀྱི་ཨང་ཐོབ་དང༌། འཛིན་རིམ་བཅུ་གཉིས་ཀྱི་བརྒྱ་ཆ་གཞིར་བཞག་སྟེ་བརྒྱ་ཆ་རྩེ་བཏོག་གིས་གོང་གསལ་བཟོ་སྐྲུན་རིག་གནས་ཟུར་བཅད་ཞབས་སྟེགས་ཁག་ལ་མཐའ་མའི་འདེམས་སྒྲུག་བྱ་རྒྱུ་ཡང༌། བཟོ་སྐྲུན་རིགས་གནས་ཁོངས་འཚུད་པའི་སློབ་མ་རྣམ་སློབ་གཉེར་ཁང་གང་དུ་བསྐྱོད་དགོས་དབུས་བོད་སློབ་འཛིན་ཚོགས་ནས་ཐག་གཅོད་གནང་གི་ཡོད་པས་དེ་འབྲེལ་རྩོད་གླེང་རིགས་བྱེད་མི་ཆོག
གཞན་ཡང་ཐུགས་སྣང་དགོས་པའི་གལ་ཆེའི་གནད་དོན་ཁག་གཅིག་གཤམ་གསལ།
༡༽ རྒྱ་གར་དབུས་གཞུང་དང་ཧི་མཱ་ཅལ་མངའ་གཞུང་གི་སྨན་པའི་ཚུད་རྒྱུགས་དང་སྦྱོང་བརྡར་ངོ་བཅར་སྐབས་ཀྱི་ལམ་གྲོན་ཆ་ཚང་སློབ་ཕྲུག་རང་ངོས་ནས་གཏོང་དགོས་རྒྱུ།
༢༽ སྨན་པའི་ཞབས་སྟེགས་ཐོབ་པའི་སློབ་ཕྲུག་རྣམས་ནས་ MBBS སློབ་སྦྱོང་ཐོན་མཚམས་ཉུང་མཐར་ལོ་གསུམ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་བཀོད་ཁྱབ་ལྟར་ཞབས་ཞུ་བྱ་རྒྱུར་འཕྲོད་བསྟེན་ལས་ཁུངས་མཉམ་དུ་མོས་མཐུན་གྱིས་ཁྲིམས་མཐུན་གན་རྒྱ་འཇོག་དགོས།
༣༽ གོང་གི་ཟུར་བཅད་ཞབས་སྟེགས་ཐོབ་རིགས་རྣམས་ནས་སློབ་སྦྱོང་མཇུག་བསྒྲིལ་མ་ཟིན་བར་ཕྱི་ནང་གཞུང་སྒེར་གྱི་སློབ་ཡོན་ལས་རིམ་གང་དུའང་འཛུལ་ཞུགས་མི་ཆོག
༤༽ གལ་ཏེ་ཚུད་རྒྱུགས་ཨང་ཐོབ་འདྲ་མཉམ་བྱུང་ཚེ། འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་གྲུབ་འབྲས་བརྒྱ་ཆ་མཐོ་བ་སུ་ཡིན་དེ་གདམ་རྒྱུ་དང༌། དེའང་འདྲ་མཉམ་བྱུང་ཚེ་རྒྱན་རྒྱག་བྱ་རྒྱུ་ཡིན།
༥༽ གོང་གི་ཟུར་བཅད་ཞབས་སྟེགས་དང་ས་མིག་གྲངས་ཚད་སོགས་ལ་རྒྱ་གར་གཞུང་ནས་གློ་བུར་འགྱུར་བ་ཡོང་སྲིད་ཅིང༌། དེ་འདྲའི་སྐབས་སུ་རྩོད་གླེང་རིགས་བྱེད་མི་ཆོག
༦༽ གོང་གསལ་ཟུར་བཅད་ཞབས་སྟེགས་ཁག་ནང་ཞུགས་བློ་ཡོད་རིགས་ནས་ཤེས་རིག་མཐོ་སློབ་སློབ་ཡོན་གྱི་འཚང་སྙན་འགེངས་ཤོག་བཀང་སྟེ་འབུལ་དགོས། དུས་བཀག་རྗེས་སུ་ཕུལ་འབྱོར་བྱུང་རིགས་ངོས་བཞེས་གནང་རྒྱུ་མིན།
༧༽ གོང་གསལ་གནད་དོན་ཁག་ལ་དྭོགས་འདྲི་ཡོད་ཚེ་གཤམ་འཁོད་འབྲེལ་གཏུགས་བྱ་ཡུལ་ཁ་བྱང་བརྒྱུད་འབྲེལ་བ་ཞུ་འཐུས་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༨ ལ།།
Secretary
Department of Education, CTA
Gangchen Kyishong; Dharamsala-176 215
Distt. Kangra, Himachal Pradesh
Ph: 01892 – 226695, 222572, 222721; Fax: 01892- 223481
Email: [email protected];
Website: www.tcewf.org or www.sherig.org/tb