ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༠༨ ལོར་བོད་ཁམས་དཀར་མཛེས་ཁུལ་གྱི་ཞི་རྒོལ་ནང་མཉམ་ཞུགས་གནང་མཁན་ཆུ་ཁ་ཚང་དངོས་དགའ་ལགས་རྒྱའི་བཙོན་འོག་ཏུ་ལོ་ངོ་བརྒྱད་རིང་དཀའ་སྡུག་མྱངས་རྗེས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༠ ཉིན་བཙོན་འགྲོལ་བཏང་ཡོད་འདུག
དེ་ཡང་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་སྤེལ་གསལ་ལྟར་ན། བོད་མི་ཆབ་སྲིད་བཙོན་པ་དངོས་གྲུབ་ཕུན་ཚོགས་སམ་དངོས་དགའ་ལགས་རྒྱའི་བཙོན་འོག་ནས་ལོ་ ༨ ཀྱི་བཙོན་དུས་གཙང་སྟེ་གློད་བཀྲོལ་གྱིས་ཕྱི་ཟླ་ ༣ ཚེས་ ༢༠ དགོང་མོར་རང་ཁྱིམ་དུ་བསྐྱལ་ཡོད་འདུག
སྤྱིར་ཁོང་གི་བཙོན་དུས་ཕྱི་ཚེས་ ༡༨ ཉིན་གཙང་ཟིན་ཡོད་ནའང་། ཉིན་གཉིས་ཕྱིར་འགྱངས་ཀྱིས་རང་ཁྱིམ་དུ་བསྐྱལ་ཡོད་འདུག བཙོན་ཁང་ནང་ཉེན་རྟོག་པས་ཁོང་ལ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བར་བརྟེན། ཁོང་གི་སྐེད་པ་ནད་གཅོང་བཟོས་ཡོད་སྟབས། མི་གཉིས་ཀྱིས་མཆན་ཁུང་གཉིས་ནས་སྐྱོར་དགོས་ཀྱི་ཡོད་པ་མ་ཟད། གོམ་པ་སྤོ་སྐབས་འཁར་རྒྱུག་ལ་བརྟེན་པ་དང་མི་གཞན་གྱིས་སྐྱོར་ན་མ་གཏོགས་རང་འགུལ་གྱིས་འགྲོ་བསྐྱོད་ཐུབ་ཀྱི་མེད་པ་སོགས་གཟུགས་པོའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག ད་ལྟའི་ཆར་ཁོང་སྨན་ཁང་དུ་སྨན་བཅོས་ཆེད་བསྐྱོད་མེད་པར་རང་ཁྱིམ་དུ་བསྡད་ཡོད་འདུག
དངོས་གྲུབ་ཕུན་ཚོགས་ལགས་རྒྱ་གཞུང་གིས་འཇུ་བཟུང་བཙན་འཁྲིད་རྗེས་ཉེན་རྟོག་པ་ཚོས་ཁོང་གི་ནང་ལ་བསྔོག་བཤེར་བྱས་ཏེ། ཕྱི་ལོ་ ༢༠༠༦ ལོར་ཨམྲ་ཝ་ཏིར་དུས་འཁོར་དབང་ཆེན་སྩོལ་བའི་སྐབས་༸གོང་ས་མཆོག་གིས། གཅན་གཟན་ལྤགས་རིགས་རྒྱན་གོས་མཚམས་འཇོག་དགོས་པའི་བཀའ་སློབ་ཀྱི་འོད་སྡེར་སི་ཌི་གཉིས་དང་། ༸གོང་ས་མཆོག་གི་སྐུ་པར་ ༧༠ ཙམ་རྒྱ་གར་ནས་འཁྱེར་བ་དེ་དག་རྒྱ་ནག་ཉེན་རྟོག་མི་སྣས་བཙན་ཁྱེར་བྱས་ཡོད་པ་རེད། དེ་རྗེས་ཁོང་དཀར་མཛེས་རྫོང་བཀག་ཉར་ཁང་དང་དར་རྩེ་མདོ་སོགས་སུ་ཡུན་རིང་བཀག་ཉར་གྱིས་གཅར་རྡུང་འདྲི་རྩད་སྣ་ཚོགས་བྱས་མཐར། ཕྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༣༠ ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་ཞིག་གིས། ཁོང་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱས་པའི་ནག་ཉེས་བཙུགས་ཏེ་ལོ་བརྒྱད་རིང་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་དང་། ལོ་ ༤ རིང་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་ཏེ་ཟི་ཁྲོན་ཏིག་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག
དངོས་གྲུབ་ཕུན་ཚོགས་ལགས་ནི། རང་ལོ་ ༦༡ ཡིན་ཞིང་། བོད་མདོ་ཁམས་དཀར་མཛེས་ནས་ཡིན་པ་དང་། ཁོང་གི་ཁྱིམ་མིང་ལ་ཆུ་ཁ་ཚང་ཟེར་བ་དང་། ཁོང་ལ་གཟའ་ཟླ་བུ་ཕྲུག་སོགས་གང་ཡང་མེད་མོད། དེ་སྔོན་ཁོང་གིས་དཀར་མཛེས་རྫོང་ཐོག་ཏུ་ཚོང་ལས་གཉེར་ཞོར། ཆུ་ཁ་ཚང་ནང་མི་ཡོངས་ཀྱི་འཚོ་བར་ལྟ་སྐྱོང་བྱེད་བཞིན་ཡོད་འདུག །