ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །དཀར་མཛེས་ཁུལ་སེར་ཤུལ་རྫོང་། རྫ་ཆུ་ཁ། རྫ་དབོན་པོ་དགོན་གྱི་དགེ་འདུན་པ་བསོད་ནམས་མགོན་པོ་ལགས་ཉིན་ཤས་སྔོན་རྒྱ་ནག་གཞུང་གིས་བཙོན་ཁང་ནས་གློད་བཀྲོལ་བཏང་སྟེ་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༢ ཉིན་ཕྱིར་ཕ་ཡུལ་དུ་འབྱོར་ཡོད་འདུག་ཀྱང་། ད་ལྟའི་གཟུགས་གཞིའི་གནས་སྟངས་སོགས་ཤེས་རྟོགས་ཐུབ་མེད།
དེ་ཡང་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་གཞུང་གིས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་རྫ་དབོན་པོ་དགོན་པའི་དགེ་འདུན་པ་བསོད་ནམས་དགོན་པོ་ལགས་བཙོན་དུས་གཙང་ནས་གློད་བཀྲོལ་བཏང་སྟེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གྱི་མཚན་མོར་ཕྱིར་རང་ཁྱིམ་དུ་འབྱོར་ཡོད་འདུག འོན་ཀྱང་ཁོང་དང་ལྷན་དུ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་པའི་དགེ་འདུན་པ་བསོད་ནམས་ཆོས་དར་ལགས་བཙོན་དུས་གཙང་ཟིན་ནའང་ད་དུང་གློད་བཀྲོལ་བཏང་མེད། ད་ལྟའི་ཆར་ཁོང་གཉིས་ཀྱི་གཟུགས་པོའི་གནས་སྟངས་གང་འདྲ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད།
ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༢ ཉིན་གྱི་སྔ་དྲོར་རྒྱ་གཞུང་ཉེན་རྟོག་པ་མང་པོ་རྫ་དབོན་པོ་དགོན་པའི་ནང་ཡོང་སྟེ་དགེ་འདུན་པ་བསོད་ནམས་མགོན་པོ་ལགས་ཙམ་མ་ཟད། བསོད་ནམས་ཆོས་དར་ལགས་ཀྱང་འཇུ་བཟུང་བཙན་འཁྲིད་ཀྱིས་ཟླ་བ་དགུའི་རིང་གར་སོང་ཆ་མེད་དུ་གྱུར་མཐར། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༡ ཉིན་ས་གནས་རྒྱ་གཞུང་གི་སློབ་གྲྭའི་ནང་བོད་ཀྱི་རྒྱལ་དར་བསྒྲེངས་པ་དང་སྦྱར་ཡིག་བཀྲམས་པའི་ཉེས་འཛུགས་འོག ཁོང་གཉིས་ལ་ལོ་ ༤ རེའི་བཙོན་འཇུག་ཁྲིམས་ཐག་བཅད་དེ་རོང་བྲག་རྫོང་གི་ར་རྔ་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད། ཉེ་ཆར་ལོ་བཞིའི་བཙོན་དུས་གཙང་སྟེ་དགེ་འདུན་པ་བསོད་ནམས་མགོན་པོ་ལགས་གློད་བཀྲོལ་བཏང་ཡོད་ནའང་། དགེ་འདུན་པ་བསོད་ནམས་ཆོས་དར་ལགས་དུས་བཀག་རྫོགས་ཀྱང་མུ་མཐུད་བཙོན་འཇུག་འོག་ལྷག་ཡོད་འདུག །