༢༠༡༦ ཟླ་ ༣ ཚེས་ ༢༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་བརྒྱ་འཁོར་བ་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ རིང་པོར་མ་ཐོགས་པར་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༥༥ འཁོར་བ། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་བསྐྱངས་ནས་ལོ་ ༣༢༠ འཁོར་བའི་དུས་དྲན་གསུམ་འཛོམས་ཀྱི་རྟེན་འབྲེལ་གྱི་མཛད་སྒོར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་ཆེད་མངགས་གདན་ཞུ་དང་འབྲེལ་ནས་ཕེབས་བཞུགས་མཁན་གྱི་སྐུ་མགྲོན་མི་ཆེན་རྣམ་པ་ཚོ་དང་། བཙན་བྱོལ་སྒྲིག་འཛུགས་ཁུངས་ཀྱི་ལས་བྱེད་དང་འབྲེལ་ཡོད་མི་སྣ། སྨན་རྩིས་ཁང་ཁུངས་ཀྱི་དགེ་རྒན་ལས་བྱེད། སློབ་ཕྲུག དེ་བཞིན་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་སེར་སྐྱ་མི་མང་མང་པོ་ཞིག་དེ་རིང་འདིར་བསླེབས་ཡོད། དེ་རིང་སྐུ་མདུན་སྐུ་གོང་མས་ལྷ་ས་སྨན་རྩིས་ཁང་བཙུགས་གནང་རྗེས་ལོ་བརྒྱ་འཁོར་བའི་རྗེས་དྲན་ཆགས་ཡོད། གོང་དུ་དབུ་འཛིན་གྱིས་བཤད་པ་ལྟར་༸གོང་ས་ལྔ་པ་ཆེན་པོས་ལྕགས་པོ་རིར་སྨན་རྩིས་ཁང་བཙུགས་ནས་ལོ་ ༣༢༠ འཁོར་བར་བརྟེན་ང་ཚོས་དུས་དྲན་དྲན་གསོ་བྱེད་ཀྱི་ཡོད།
ང་ཚོ་འདིར་བཙན་བྱོལ་དུ་བསླེབས་ནས་གནས་སྟངས་ཉག་ཕྲ་བོ་ཞིག་གི་འོག་ནས་ང་ཚོ་ཚང་མས་རིག་པ་བསྒྲིམས་ནས་གང་ཡོང་ཅི་ཡོང་བྱས་ཡོད། ལོ་ལྔ་བཅུ་ང་བདུན་ཙམ་འགྲོ་གི་ཡོད། སྨན་རྩིས་ཁང་འདི་ཡང་དེའི་ཆ་ཤས་ཤིག་རེད། ང་རང་ཚོས་བསམ་པ་རྣམ་དག དྲང་པོ་དྲང་བཞག རྒྱབ་མདུན་ངོ་ལྐོག་མེད་པ། རང་དོན་ཁོག་བཅུག་མ་ཡིན་པ། རྒྱུ་འབྲས་དཔང་འཕེར་གྱིས་དཀའ་ལས་བརྒྱབ་ནས་འབྲས་བུ་གང་ལ་གང་ཙམ་ཐོན་ཡོད། ཕྱི་ལོ་ ༡༩༥༩།༡༩༦༠ ལོ་དེ་དག་གི་ནང་ང་ཚོ་གྲོགས་མེད་གཅིག་པུ་ལྟ་བུ་རེད། སྐྱབས་བཅོལ་བར་རོགས་བྱེད་མཁན་གྱི་ཚོགས་པ་དང་ལྟ་རྟོགས་བྱེད་མཁན་དེ་འདྲ་ང་ཚོ་དང་འབྲེལ་བ་བྱུང་བ་རེད། ཚུར་ང་ཚོར་སྙིང་རྗེའི་ཡུལ་དུ་བལྟས་ནས་རོགས་བྱེད་མཁན་ཞིག་ཆགས་ཡོད། ལོ་ལྔ་བཅུ་ང་གྲངས་ཕྱིན་པའི་རྗེས་ལ་ང་ཚོ་བོད་མི་བཙན་བྱོལ་བའི་བྱས་རྗེས་སམ་དཀའ་ལས་བརྒྱབ་པའི་འབྲས་བུར་འཛམ་གླིང་འདིའི་སྒང་། བོད། ཅེས་བརྗོད་སྐབས་སོ་སོའི་སྐད་ཡིག་ལོགས་སུ་ཡོད་པ། སྐད་ཡིག་འདིའི་ནང་ལ་རིག་གཞུང་ཕྱུག་པོ་ཡོད་པ་ཞིག་མངོན་ཐུབ་པ་ཆགས་ཡོད། རིག་གཞུང་བཤད་ཡོང་སྐབས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། ཞེས་རིག་གནས་ཆེ་ཆུང་བཅུ་ཞེས་བཤད་ཀྱི་ཡོད། རིག་གནས་ཆུང་བ་ལྔའི་ནང་ནས་སྙན་ངག་དང་ཟློས་གར་ཟེར་བ་ལྟ་བུ་དེ་འདྲ་ཡོད། གཙོ་བོ་རིག་གནས་ཆེ་བ་ལྔའི་ནང་ནས་ཚད་མ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། ནང་དོན་རིག་པ། བཟོ་རིག་པ་ཞེས་དེ་འདྲ་བཤད་ཀྱི་ཡོད། སྒྲ་རིག་པ་དེ་ལེགས་སྦྱར་སྐད་ཐོག་སློབ་སྦྱོང་བྱེད་མཁན་མཁས་པ་རེ་ཟུང་ལས་མེད། ངོས་རང་ལ་ཆ་མཚོན་ན་གླིང་རིན་པོ་ཆེ་མཆོག་གི་སྐུ་མདུན་ནས་སྒྲ་ཀ་ལཱ་པ། མཚམས་སྦྱོར་ལྔ་པ་དེ་རིན་པོ་ཆེ་སྐུ་མདུན་ནས་ཁྲིད་ཞུས་ཀྱང་ད་ཆ་གང་ཡང་བསྡད་མི་འདུག ཁྲིད་ཞུས། འཁྱུག་ཙམ་ཤེས། དེ་རྗེས་ཡལ་ཚར་བ་རེད།
དེ་ནས་ཚད་མ་རིག་པ། ཚད་མ་རིག་པ་ནི་སྤྱིར་རྒྱ་གར་མཁས་པས་ལོ་བརྒྱ་ཕྲག་མང་པོའི་རིང་ཕྱི་ནང་གི་གནས་ཚུལ་གང་ཡིན་རུང་རིག་པས་བརྟག་དཔྱད་བྱེད་སྐབས་རྗེས་དཔག་སྐྱེས་པར་རྒྱུ་མཚན་དང་གཏན་ཚིག་དགོས་ཀྱི་ཡོད། དེར་བརྟེན་གཏན་ཚིག་རིག་པ་ནི་རྒྱ་གར་ལ་ཧ་ལས་པ་ཞིག་རེད་འདུག ལོ་སྟོང་ཕྲག་གོང་ལ་མུ་སྟེགས་པའི་ནང་ལའང་མཁས་པའི་དབང་པོ་དེ་འདྲ་མང་པོ་ཡོད་པ་དང་། མུ་སྟེགས་པའི་གྲུབ་མཐའ་གྲངས་ཅན་པ་གཙོ་བོར་གྱུར་པའི་མུ་སྟེགས་པའི་ལྟ་གྲུབ་འཛིན་མཁན་ཁྲོད་ཚད་མ་པ་དེ་འདྲ་མང་པོ་བྱུང་ཡོད། དེ་དང་ཆབས་ཅིག་སངས་རྒྱས་པའི་ཆོས་པའི་ནང་ནས་པཱ་ལིའི་ཆོས་བརྒྱུད་ནང་གཙོ་བོ་ལུང་ལ་བརྟེན་པ་ཙམ་ལས་ཚད་མ་རིག་པའི་སྐོར་ལ་རྒྱ་ཆེན་པོ་ཞིག་མེད། ལེགས་སྦྱར་སྐད་ནང་ཡོད་པའི་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ནི་དངོས་གནས་དྲང་གནས་རིག་པའི་ལམ་ནས་གཏན་ལ་དབབ་རྒྱུ་ཡོད་པ་ཞིག་རེད། རིག་པའི་ལམ་ནས་གཏན་ལ་དབབ་རྒྱུ་དེ་ཡང་། བཅོམ་ལྡན་འདས་རང་ཉིད་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས། །བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་བཀའ་གནང་ཡོད། ཕལ་ཆེར་འཛམ་གླིང་འདིའི་སྒང་ལ་ཆོས་བརྒྱུད་མང་པོ་ཡོད་པའི་ནང་ནས་སྟོན་པ་རང་ཉིད་ཀྱི་བཀའ་ལ་རིག་པས་དཔྱད་པ་བྱས། རིག་པས་གནོད་པ་ཡོད་ན་སྟོན་པའི་བཀའ་ཡིན་ནའང་ཁས་བླངས་ན་འགྲིག་གི་མ་རེད། ཅེས་པ་འདི་ནཱ་ལནྡྲའི་ཆོས་བརྒྱུད་ཀྱི་རིག་པ་གཙོ་བོ་བྱས་ནས་འགྲོ་གི་ཡོད་པ་གསལ་པོ་རེད། ནཱ་ལནྡྲའི་ཆོས་བརྒྱུད་ཀྱི་ནང་ལ་ཚད་མ་རིག་པའི་སྐོར་དེ་ཧ་ཅང་གི་རྒྱས་པོ་ཡོད། མུ་སྟེགས་པའི་ཚད་མ་པ་དང་སངས་རྒྱས་པའི་ཚད་མ་པ་གཉིས་དབར་ལ་དཔྱད་བསྡུར་ཧ་ཅང་བྱས་ནས་ལེགས་བཤད་ཧ་ཅང་མང་པོ་འདུག
དེའི་ཚེ་དེའི་དུས་ཀྱི་གཙོ་བོ་ནཱ་ལནྡྲའི་མཁས་པ་ཚོའི་དེ་འདྲའི་རྣམ་དཔྱོད་འཕེལ་བ་དེ་ཕྱེད་ཀ་མུ་སྟེགས་པའི་བཀའ་དྲིན་རེད།
ཚད་མ་རིག་པའི་སྐོར་དེ་རིང་ཁ་སང་དངོས་ཡོད་གནས་ཚུལ་ལ་སློབ་དཔོན་ཕྱོགས་གླང་དང་ཆོས་གྲགས་ཀྱི་ཚད་མའི་གཞུང་དེ་དག་ལེགས་སྦྱར་གྱི་མ་དཔེ་ཁུག་ཀྱོག་དེ་འདྲར་ཡོད་སྲིད་ཀྱང་། གཞན་བོད་ཡིག་ནང་མ་གཏོགས་མེད། རྒྱ་ཡིག་ནང་བསྒྱུར་མི་འདུག པཱ་ལིའི་ནང་ལ་མེད།
དེར་བརྟེན་ཚད་མའི་གཞུང་ཆ་ཚང་བ་ཡོད་པ་འདི་བོད་ཡིག་གཅིག་པུ་རེད་འདུག ང་ཚོའི་བསྟན་འགྱུར་ནང་ཡོད་པ་དེ་གཅིག་པུ་རེད། ཚད་མའི་གཞུང་གླེགས་བམ་ནང་ཡོད་པ་གཅིག་པུ་མ་ཡིན་པར་སྔ་མོ་ཡིན་ན་ས་སྐྱའི་མཁས་པ་ཚོས་ཚད་མའི་གཞུང་ཧ་ཅང་གཟིགས་ཀྱི་ཡོད།
ས་པཎ་རང་ཉིད་ཀྱིས་ཚད་མ་རིག་གཏེར་མཛད་ནས་གང་ལྟར་བོད་གངས་ཅན་པ་རང་གི་མཁས་པས་ཚད་མའི་གཞུང་ཡང་མཛད་པ་ཡང་བྱུང་ཡོད། སློབ་དཔོན་ཕྱོགས་གླང་ཆོས་གྲགས་ཀྱི་རྗེས་འབྲང་ཕྱྭ་བ་ཆོས་སེང་ཡབ་སྲས་དེ་ཚོའི་སྐབས་ལ་ཚད་མའི་ཐོག་ཧ་ཅང་གི་ཐུགས་སྣང་ཆེན་པོ་དང་། ཡར་རྒྱས་ཕྱིན་འདུག
རིག་གནས་ཆེ་བ་ལྔའི་ནང་ནས་ཚད་མའི་གཞུང་བཤད་པ་ཡིན་ན་བོད་ལ་ཡོད་པ་ནང་བཞིན་ཞིག་འཛམ་གླིང་འདིའི་སྒང་སུ་ལའང་མེད། དེ་ཡང་ང་རང་ཚོ་བོད་ཡིག་རང་གི་ཐོག་ནས་ཡོད་པ་ལས་ལེགས་སྦྱར་སྐད་སློབ་དགོས་ཀྱི་མེད་པར་བརྟེན་སྔོན་གྱི་ལོ་ཙྭ་བ་དེ་དག་དངོས་གནས་དྲང་གནས་བཀའ་དྲིན་ཆེན་པོ་རེད་འདུག ང་ཚོ་ཁོང་རྣམས་ཀྱི་རྗེས་སུ་འཇུག་དགོས་པ་རེད། ད་ལྟ་བར་དུ་རིས་སུ་མ་ཆད་པའི་ཆོས་སྒར་ཁག་གི་བཤད་གྲྭ དེ་རིང་ཁ་སང་དངོས་ཡོད་གནས་ཚུལ་ལ་རི་བོ་དགེ་ལུགས་པའི་བཤད་གྲྭ ཆོས་སྒར་ཁག་དེ་དག་དངོས་གནས་ཚད་མའི་གཞུང་གི་རྩ་བ་བློར་འཛིན་དང་། འགྲེལ་བའི་ཚིག་རེ་རེ་ནས་མར་འཆད་པ་ཉན། དེ་ནས་ཆོས་རྭའི་ནང་རིག་པས་བརྡར་ཤ་བཅད་ནས་ད་ལྟ་བར་དུ་ཚད་མའི་གཞུང་འཛིན་སྐྱོང་སྤེལ་གསུམ་ཧ་ཅང་ཡག་པོ་གནང་ཐུབ་པ་བྱུང་ཡོད། གཙོ་ཆེ་ཤོས་ང་ཚོ་རྒྱ་གར་ལྷོ་ཕྱོགས་གདན་ས་གསུམ་གཙོ་བོར་གྱུར་པའི་བཀྲ་ཤིས་ལྷུན་པོ་དེ་དག་སློབ་གཉེར་ཡག་ཐག་ཆོད་འདུག ད་དུང་ཡིན་ནའང་གཟབ་གཟབ་བྱ་དགོས།
དེ་ནས་བཟོ་རིག་པར་ཞེ་དྲགས་གང་ཡང་མེད། དེ་ནས་ནང་དོན་རིག་པ་ནི་ཧ་ལས་པ་རེད་འདུག དེང་སང་འཛམ་གླིང་འདིའི་སྒང་ཕལ་ཆེར་ནང་པ་དུང་ཕྱུར་བཅུ་གྲངས་ཡོད། རྒྱ་ནག་ནང་ལའང་ནང་པ་ཧ་ཅང་གི་ཕོན་ཆེན་པོ་ཞིག་དར་ཡོང་གི་འདུག དེ་དག་བསྡོམས་ན་ཕལ་ཆེར་དུང་ཕྱུར་བཅུ་གྲངས་ཤིག་ཡོད། དེའི་ནང་ནས་ནང་དོན་རིག་པའི་སྐོར་ལ་དངོས་གནས་དྲང་གནས་བཤད་སྒྲུབ་ཟུང་འབྲེལ་བྱས་ནས་ཡོད་པ་འདི་བོད་གཅིག་པུ་རེད་འདུག ངོས་རང་བཙན་བྱོལ་བ་ཆགས་ནས་ལོ་འདི་ལྟར་ཕྱིན་པ་རེད། ནང་པའི་ཡུལ་གྲུ་མང་པོའི་ཆོས་པ་དང་མཁས་པ། དོན་གཉེར་ཅན་མང་པོ་ཞིག་ཐུག་ཡོད། ཉམས་མྱོང་ཕྱོགས་བསྡོམས་བྱེད་དུས་བོད་གངས་ཅན་གྱི་ལྗོངས་འདིར་ཡོད་པའི་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ནས་མཁས་བཙུན་བཟང་གསུམ་རྫོགས་པ་བྱེད་རྒྱུ་དེ་ཧ་ལས་པ་རེད་འདུག སུ་གཅིག་ལའང་འགྲམ་ཆུ་ལྡང་མི་དགོས་པ་གཅིག་ང་ཚོར་ཡོད། ངོས་ཀྱིས་ནམ་རྒྱུན་འདི་ལྟར་བཤད་ཀྱི་ཡོད། ཁ་སང་རྒྱ་གར་ལྷོ་ཕྱོགས་སུའང་དེ་ལྟར་བཤད་པ་ཡིན། ང་ཚོའི་བོད་ལ་སངས་རྒྱས་པའི་བསྟན་པ་དར་ནས་བསྟན་པ་ས་དར་རྡོ་དར་ཆགས་ཡོད། ལོ་སྟོང་ཕྲག་ལྷག་གི་རིང་བོད་གངས་ཅན་གྱི་མདོ་སྟོད་སྨད་དབུས་གཙང་བཅས་ས་ཁུལ་ཚང་མར་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བའི་སངས་རྒྱས་ཀྱི་བསྟན་པ་འདི་ལྟ་བུ་ཞིག་དཀར་འཇམ་ཡུག་གཅིག་ལ་ཁྱབ་ཡོད། འོན་ཀྱང་མང་ཆེ་བ་དད་པའི་ཐོག་ནས་འགྲོ་བ་མ་གཏོགས་སློབ་སྦྱོང་བྱས་ནས་ཤེས་ཏེ་དད་པ་ཐོབ་པ་ཉུང་ཉུང་རེད། དེར་བརྟེན་ངོས་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཡུན་དུ་གནས་ཆེད་དབང་རྣོན་ཆོས་ཀྱི་རྗེས་འབྲང་ཐོག་ནས་འགྲོ་སྟངས་དེ་བྱེད་ན། བསྟན་པ་ཡུན་རིང་གནས་ཐུབ་རྒྱུ་རེད།
ཁ་སང་རྒྱ་གར་ལྷོ་ཕྱོགས་སུ་བཀའ་ཆོས་སྐབས་ངོས་ནས་དེ་འདྲ་བཤད་པ་ཡིན། དེ་འདྲ་ཡིན་པར་བརྟེན་བོད་རྒྱ་ཆེ་མི་མང་སངས་རྒྱས་པའི་ཆོས་པ་རེད། སངས་རྒྱས་པའི་ཆོས་གང་འདྲ་རེད་ཅེ་ན་ཁ་ལ་མཛུབ་མོ་བཅུགས་ནས་བསྡད་རྒྱུ་ལས་བཤད་རྒྱུ་མི་འདུག ཧི་མཱ་ལ་ཡི་རི་བརྒྱུད་ཚོ་ཡང་དེ་འདྲ་རེད། གོང་དུ་ཁྱེད་རང་ཚོ་གཡུ་ཐོག་ཡོན་ཏན་མགོན་པོའི་གསོལ་འདེབས་ནང་གཡུ་ཐོག་ཡོན་ཏན་མགོན་པོར་བདུན་ཕྲག་གཅིག་རིང་གསོལ་བ་འདེབས་ན་བྱིན་རླབས་ཡོང་གི་རེད། ཅེས་བཤད་འདུག ངོས་རང་དེར་ཡིད་ཆེས་མེད། བཅོམ་ལྡན་འདས་ལ་ལོ་དང་ཟླ་བ་བྱས་ནས་གསོལ་བ་བཏབ་ནའང་སོ་སོས་མ་བྱས་ན་ཡོང་རྒྱུ་མེད། ངོས་རང་ལ་མཚོན་ནའང་མགོན་པོ་ཀླུ་སྒྲུབ་གྱི་དགེ་ཕྲུག་ཡིན་བསམས་པ་དྲན་གྱི་ཡོད། མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་དེ་དག་ལ་དོ་སྣང་ཧ་ཅང་བྱས་ནས་བལྟ་གི་ཡོད། དཔེ་ཆ་བལྟས་ནས་སེམས་ལ་འགྱུར་བ་ཐེབས་ཀྱི་འདུག་མ་གཏོགས་མགོན་པོ་ཀླུ་སྒྲུབ་ལ་ལོ་དང་ཟླ་བ་གསོལ་བ་བཏབ་ནས་ཕན་རྒྱུ་མི་འདུག
གསོ་བ་རིག་པ་ནི། གོང་དུ་ལས་བསྡོམས་ནང་བཤད་པ་ནང་བཞིན། ཆོས་རྒྱལ་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གསོ་བ་རིག་པའི་སྐོར་བོད་དུ་ཚོགས་པ་རེད། རླབས་ཆེན་རེད། སོ་སོའི་ས་གནས་སུ་ཡོད་པ་དེ་གཅིག་པུའི་ཆོག་ཤེས་བྱས་ནས་མ་བཞུགས་པར་ཁྱིམ་མཚེས་རྒྱ་གར་དང་རྒྱ་ནག པར་ཤི་ཡ། སོགས་ནས་གསོ་བ་རིག་པའི་མཁས་པ་གདན་ཞུ་གནང་སྟེ་ཚོགས་རྒྱུ་དེར་ང་ཚོས་བསམ་བློ་ཡག་པོ་ཞིག་ཐོང་དང་། དུས་རབས་བརྒྱད་པའི་ནང་མཐུན་རྐྱེན་མཛོམས་པོ་མེད་པ། དཀའ་ལས་ཁག་པོ་དེ་འདྲའི་གཅིག་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་འདུ་ཞིག་ཚོགས་ཐུབ་པ་རེད། དེ་སྔ་བོད་དུ་གསོ་བ་རིག་པ་གཡུ་ཐོག་ཡོན་ཏན་མགོན་པོ་ནས་ཡིན་ནའང་འདྲ། དེ་ནས་མར་གང་ལྟར་ལག་ལེན་བྱེད་བཞིན་པ་འདི་རྒྱ་ནག་གི་གསོ་བ་རིག་པའི་ཐོག་ནས་ལེགས་བཤད་བླངས། གཙོ་བོ་རྒྱ་གར་གྱི་ཚེ་ཡི་རིག་བྱེད་ Ayurvedic ཐོག་ནས་ལེགས་བཤད་བླངས། དེ་བཞིན་ཡུ་ནཱ་ནི་ནས་ཚུར་ལེགས་བཤད་བླངས་ཏེ་འདི་ལྟར་བྱུང་བ་ཡིན་པ་རེད། ང་ཚོ་དུས་རབས་ ༢༡ ནང་སླེབ་ཡོད་པར་བརྟེན། སྔར་གྱི་སྲིད་བྱུས་རྙིང་པ་ཟེར་ན་མི་འདུག་གནའ་རབས་ཀྱི་གསོ་བ་རིག་པ་དེ་དག་ཐོག་དེང་དུས་ཀྱི་ཚན་རིག་ཐོག་ནས་ཡར་རྒྱས་ཕྱིན་པའི་གསོ་བ་རིག་པ་དེ་དག་དང་མཉམ་དུ་དཔྱད་བསྡུར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྣམ་པ་ཚོས་རྒྱུད་བཞི་ནང་གསུངས་ཡོད་ཟེར་རྒྱུ་ཙམ་མིན་པར་དངོས་སུ་བརྟག་དཔྱད་ཁང་ནང་དེང་དུས་ཀྱི་འཕྲུལ་ཆས་ཐོག་ནས་བརྟག་དཔྱད་བྱས་ནས་ར་འཕྲོད་པ་ཞིག་དང་། ཕན་ཐོགས་ཡོང་རྒྱུ་ཞིག་བྱེད་དགོས། བོད་སྨན་ནང་དངུལ་ཆུའི་རྫས་སྦྱོར་དེར་དུག་རླངས་ཁྱོན་ནས་མི་འདུག ཅེས་ཚན་རིག་པས་ཐོག་ནས་ར་འཕྲོད་བྱུང་འདུག ནང་དོན་རིག་པ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་དེ་བཤད་གྲྭ་ཁག་ལ་འགན་ཡོད། ད་དུང་མུ་མཐུད་ནས་ཡར་རྒྱས་ཇི་འདྲ་གཏོང་དགོས་པའི་ཐོག་བསམ་བློ་གཏོང་དགོས། གསོ་བ་རིག་པ་ལ་མཚོན་ནའང་སྨན་རྩིས་ཁང་ནས་ད་བར་བྱས་རྗེས་གྲུབ་འབྲས་ཡག་ཐག་ཆོད་བྱུང་ཡོད།
ད་དུང་ང་ཚོ་གཞིས་ཆགས་ཁག་ནང་བསྐྱོད་སྐབས་མི་ནད་པ་མང་པོ་ཞིག་འདུག སྔོན་འགོག་བྱེད་རྒྱུའི་ཐོག་ལ་འཐུས་ཤོར་ཕྱིན་པའི་རྟགས་ཧ་ཅང་གསལ་པོ་འདུག འཕྲོད་བསྟེན་ལས་ཁུངས་ནས་འཐུས་ཤོར་ཧ་ཅང་ཕྱིན་པའི་བཟོ་ཞིག་འདུག སྨན་རྩིས་ཁང་གི་བོད་སྨན་སྡེ་ཚན་ཁུངས་ནས་ཀྱང་འཐུས་ཤོར་ཕྱིན་པའི་བཟོ་འདུག ང་ཚོ་འདིར་འདྲ་ཆགས་པོ་ཞིག་བྱས། རྒྱས་རྒྱས་སྤྲོས་སྤྲོས་འདྲ་བྱས། ངོ་ཐོག་ས་གནས་ས་ཐོག་ལ་ནད་པ། དབུལ་ཕོངས། སྐྱབས་མེད་མགོན་མེད་ལྷག་བསྡད་པ་དེ་ཚོར་ང་ཚོས་རྒྱབ་མདུན་ངོ་ལྐོག་མ་མཚུངས་པ་རེད། མདུན་ལ་འདྲ་ཆགས་པོ་ཞིག་བྱས། རྒྱབ་ལོག་ཏུ་འཐུས་ཤོར་ཕྱིན་པ་ཡིན་ན་འདིར་ང་ཚོ་ཧ་ཅང་འདྲ་ཆགས་པོ་ཞིག་བྱས་ཀྱང་གཟི་བརྗིད་ཁོག་སྟོང་ཞེས་པ་དེ་ཆགས་པ་རེད།
གཟི་བརྗིད་དང་ལྡན་པ་ཞིག་བྱེད་ཀྱི་ཡོད་ཀྱང་ངོ་ཐོག་ཁོག་སྟོང་ཆགས་པ་ཡིན་ན་ཡག་པོ་མེད། ང་རང་ཚོ་འདྲ་ཆགས་པོའི་ཐོག་ལ་འགྲོ་རྒྱུ་མི་འདུག ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་འགྲོ་དགོས་རེད་མ་གཏོགས་འདྲ་ཆགས་ཆགས་དང་ཁ་གཡམ་གཡམ་བྱས་ནས་ཕྱིན་པ་ཡིན་ན། ད་ལྟ་བར་དུ་འགྲིག་ཙམ་འགྲིག་ཙམ་བྱས་ནས་ཁུངས་འཁྱོལ་བ་རེད། ག་ལེར་ག་ལེར་ང་ནི་ཉི་མ་ལ་བརྒལ་གྱི་མཚམས་ལ་བསླེབ་འགྲོ་གི་རེད། ལོ་བཅུ་བཅོ་ལྔ་བསྡད་ཀྱི་ཡོད་སྲིད། དེ་ནས་འཆི་འགྲོ་རྒྱུ་རེད། ཁྱེད་རང་ཚོའི་སྒང་ལ་འགན་བསླེབ་ཀྱི་ཡོད། གཟབ་གཟབ་བྱས་ན་མ་གཏོགས་ད་ལྟ་བར་ཁུངས་འཁྱོལ་ཙམ་འཁྱོལ་ཙམ་བྱུང་སོང་། ད་དུང་ཁུངས་འཁྱོལ་རྒྱུ་རེད་བསམས་ན་ནོར་འཁྲུལ་རེད། དེ་ཁྱེད་རང་ཚོ་ཚང་མའི་སེམས་ལ་ངེས་པར་བྱོས། ང་ཚོའི་སྤྱི་ཚོགས་ནང་ཡ་རབས་སྤྱོད་བཟང་ཟེར་རྒྱུ་ཁ་ནས་བཤད་མ་གཏོགས། ལག་ལེན་ངོ་མའི་ཐོག་ལ་ཚད་དམའ་རུ་འགྲོ་གི་ཡོད་པའི་བཟོ་འདྲ་འདུག དེ་ཚོའི་གྲས་དེ་གཟབ་གཟབ་བྱེད་དགོས་རེད། འཐུས་ཤོར་ག་པར་ཕྱིན་ཡོད་མིན་དེ་ཁྱེད་རང་ཚོས་ཞིབ་འཇུག་བྱོས། ཨམ་ཆོག་འོན་པ་ཡིན་པ་ལྟ་བུ་མ་བྱས་པར་གནས་ཚུལ་མང་ཙམ་ཤེས་པར་བྱས་ནས་འཐུས་ཤོར་ཕྱིན་པ་དེ་ཚོ་འཐུས་ཤོར་མ་འགྲོ་རྒྱུའི་ཐབས་ཤེས་གང་འདྲ་བྱེད་དགོས་འདུག སྔོན་འགོག་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཁ་སང་གདན་ས་ཚོར་ངོས་ནས་དེ་འདྲ་བཤད་པ་ཡིན། ད་ལྟ་ང་ཚོ་འཐུས་ཤོར་འགྲོ་གི་ཡོད་པའི་བཟོ་འདྲ་འདུག ཁག་མང་པོ་ཞིག་གིས་འཐུས་ཤོར་འགྲོ་གི་འདུག་ཟེར་གྱི་ཡོད་རེད། དེ་ཚོའི་གྲས་དེ་ཉམས་ཞིབ་བྱས། འཐུས་ཤོར་གང་འདྲས་འགྲོ་གི་འདུག དེ་སེལ་ཐབས་གང་འདྲས་བྱེད་དགོས་པ། གདན་སའི་དཔེ་ཁྲིད་དགེ་རྒན་ཚོ་དང་། མཁན་པོ་ཚོ་ཆེད་མངགས་ཐུག་ནས་དེ་འདྲ་ཞུས་པ་ཡིན། འདི་ང་ཚོ་སྤྱི་སྤོམ་འདྲ་བྱས། འཆར་ཅན་ལྟ་བུ་བྱས་ནས་ཕྱིན་པ་ཡིན་ན་ཕུག་མའི་འོག་གི་ཆུ་དོང་ལབ་པ་ནང་བཞིན་གང་ཙམ་ནས་བོང་བུ་ཐོན་རྒྱུའི་ཉེན་ཁ་ཡོད་པ་རེད། དེར་བརྟེན་གཟབ་གཟབ་བྱ་དགོས་པ་རེད། ཅེས་བཀའ་སློབ་སྩལ་ཡོད།།