༢༠༡༦ ཟླ་ ༣ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །བཀའ་ཤག་གི་བཀོད་ཁྱབ་དགོངས་དོན་ལྟར། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་ཟུར་པ་དོན་གྲུབ་རྡོ་རྗེ་ལགས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་དུ་བསྐོ་གཞག་གནང་རྗེས་ཁོང་གི་ཚབ་ཏུ་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཆོས་རིག་དྲུང་ཆེར་བསྐོ་གཞག་གནང་བ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༧ ཉིན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེའི་ལས་འཁུར་ཞུས་པའི་རྟེན་འབྲེལ་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཆོས་རིག་ལས་ཁུངས་སུ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དབུ་བཞུགས་ཐོག་སྤྲོད་དཔང་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང་། དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། འབྲེལ་ཡོད་ལས་བྱེད་རྣམ་པ། རྡ་ས་ཁུལ་གྱི་འབྲེལ་ཡོད་དགོན་སྡེ་སྒྲིག་འཛུགས་ཁག་གི་སྐུ་ཚབ་བཅས་ལྷན་འཛོམས་ཐོག་བོད་ལུགས་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས། དེ་ནས་ཚོགས་བཅར་བ་རྣམ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་རྟེན་འབྱུང་དཀར་གཙང་མཇལ་དར་སྒྲོན་འབུལ་ཞུས་གྲུབ་བསྟུན་ཆོས་རིག་བཀའ་བློན་མཆོག་དང་། སྤྲོད་དཔང་གིས་གཙོས་སྐུ་མགྲོན་རྣམ་པ་དང་། འབྲེལ་ཡོད་ལས་བྱེད་ཡོངས་ནས་དྲུང་ཆེ་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་སུ་འཚམས་འདྲིའི་མཇལ་དར་ཕུལ་ནས་མཛད་སྒོ་གྲོལ་བ་བཅས།།