༢༠༡༦ ཟླ་ ༣ ཚེས་ ༤ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་བོད་ནང་ཞི་བའི་རྔམ་སྟོན་ཞིག་བྱུང་རྗེས་རྒྱ་ནག་གཞུང་གིས་ཡ་ང་སྙིང་རྗེ་མེད་པར་བོད་ས་ཡོངས་རྫོགས་ལ་དྲག་པོའི་དམག་ཁྲིམས་བསྡམས་ཏེ་མི་སྤྱོད་ལས་འདས་པའི་བཙན་གནོན་གྱིས་བོད་མི་སེར་སྐྱ་རྒན་བྱིས་ཕོ་མོ་མང་པོ་དམར་བསད་དང་། ཁྲི་ཚོ་མང་པོ་ཉེས་མེད་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་དམྱལ་ཁམས་མི་ཡུལ་དུ་འཕོས་པ་ལྟ་བུ་གཞིས་བཞུགས་བོད་རིགས་རྣམས་ལ་སྡུག་བསྔལ་མི་བཟད་པ་ཞིག་བྱུང་བའི་དུས་སྐབས་དེ་ཉིད་དྲན་རྟེན་དུ། ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༨ ཉིན་གཞུང་འབྲེལ་ཐོག་གསུམ་བརྒྱད་མཆོད་འབུལ་བསྐྱངས་དང་སྐྱོང་མུས་ལགས་པ་དགོངས་མངའ་ལྟར། ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༣ ཚེས་ ༨ ཉིན་སྔ་དྲོ་ཚོུད་ ༩་༠༠ ནས་ ༡༠་༠༠ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་དེ་ཉིད་བསྐྱང་གཏན་འཁེལ་བ་ལགས་ན། གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་། དེ་བཞིན་བཀའ་དྲིན་རྗེས་དྲན་མཚོན་བྱེད་དུ། རྡ་སར་གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་སྐྱབས་གནས་དགེ་བཙུན་རྣམ་པས་དབུས། མང་ཚོགས་དང་། ཚོགས་སྡེ་སྒྲིག་འཛུགས་ཁག་གི་ལས་བྱེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང་སྲི་ཞུ་བ་རྣམས་གོང་གསལ་མཆོད་འབུལ་དུ་ཚོགས་ཞུགས་ངེས་གནང་ཡོང་བའི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༤ ལ།།