༢༠༡༦ ཟླ་ ༣ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༨ ཉིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་བདུན་པའི་ཐོག་སྤྱི་ཟུར་སྟག་མཚེར་དགའ་བ་དབྱངས་སྒྲོལ་ལགས་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྱི་སྤྱི་མོས་གྲོས་ཆོད་བཞག་ཡོད། དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩་༣༠ ཐོག་གྲོས་ཚོགས་དབུ་འཛུགས་བསྐྱངས་ཏེ་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་སྤྱི་ཟུར་སྟག་མཚེར་དགའ་བ་དབྱངས་སྒྲོལ་ལགས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༧ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཡིག་ཆ་ཨང་ ༡༨ པ་སྙན་སྒྲོན་གནང་དོན།
སྔོན་གླེང་།
བོད་མི་མང་སྤྱི་ཟུར་སྟག་མཚེར་དགའ་བ་དབྱངས་སྒྲོལ་ལགས་ནི། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༧ ཉིན་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག ཁོང་ནི་ཕྱི་ལོ་ ༡༩༣༠ ལོར་འཁྲུངས་ཞིང་། བཙན་བྱོལ་དུ་འབྱོར་རྗེས་ཕྱི་ལོ་ ༡༩༦༠ ལོར་རྒྱལ་གཅེས་སྙིང་སྟོབས་དང་། ལྷག་བསམ་ཆེན་པོས་ཀ་རྡོར་བུད་མེད་མཐུན་ཚོགས་གསར་འཛུགས་སྐབས་ཀྱི་རྒྱུན་ལས་དང་། ཕྱི་ལོ་ ༡༩༦༤ བར་མཐུན་གྲོགས་ཚོགས་པ་དེའི་ནང་ཕྱག་ལས་གནང་། རྡོར་གླིང་ Saint Joseph ཨིན་ཇིའི་སློབ་གྲྭའི་ནང་སློབ་སྦྱོང་ཕྲན་བུ་གནང་སྟེ། སྐབས་དེར་བོད་མི་རྣམས་སྐྱབས་བཅོལ་དུ་འབྱོར་གྲབས་ཡིན་པས། བལ་ཡུལ་འཇོ་འཁེལ་ཁུལ་སུད་སི་རྒྱ་གྲམ་དམར་པོའི་རོགས་རམ་འབྱོར་བཞིན་པའི་རོགས་ཚོགས་དང་། བོད་ནས་བོད་མི་གསར་དུ་རིམ་འབྱོར་རྣམས་ལ་གསུང་སྒྱུར་གནང་སྟེ་ཕན་རླབས་ཆེན་པོ་བྱུང་ཡོད། ཕྱི་ལོ་ ༡༩༦༦ ཟླ་ ༩ ཚེས་ ༢ ནས་ཕྱི་ལོ་ ༡༩༦༩ ཟླ་ ༡༡ ཚེས་ ༢༤ བར་བོད་མི་མང་སྤྱི་འཐུས་སྐབས་གསུམ་པ་དང་། ཕྱི་ལོ་ ༡༩༦༩ ཟླ་ ༡༡ ཚེས་ ༢༥ ནས་ཕྱི་ལོ་ ༡༩༧༢ ཟླ་ ༡༢ ཚེས་ ༡༤ བར་བོད་མི་མང་སྤྱི་འཐུས་སྐབས་བཞི་པ་བཅས་ཀྱི་ལས་འཁུར་བཞེས། རྡ་ས་བཞུགས་སྒར་དུ་བོད་ཀྱི་བུད་མེད་ཚོགས་པ་དང་། མདོ་སྨད་ཆོལ་ཁའི་དབུས་རྒྱུན་ལས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་ཀྱི་ཕྱག་ལས་རིམ་པར་གནང་ཞིང་། རྒྱལ་ཡུམ་ཆེན་མོའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོག་མར་དབུ་འཛུགས་སྐབས་དཔལ་འབྱོར་ཐབས་འཚོལ་གྱི་མཐུན་འགྱུར་ཞུ་སྒོའི་ཐོག་ལ་ཐུགས་འཁུར་ཆེན་པོ་བཞེས་ཡོད་པ་སོགས་ཁོང་ནི་བདོ་བསྟན་སྲིད་མི་རིགས་དང་བཅས་པར་སྲིད་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་ཡུན་རིང་གནང་བའི་མཛད་རྗེས་ཅན་ཞིག་ཡིན།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་དེ་ཉིད་ཀྱི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྷུང་རྣམས་བྱང་ཞིང་དག་ནས་ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་བཟང་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༨ ལ། ཞེས་སྙན་སྒྲོན་གནང་།
དེ་རྗེས་ཚང་མ་སྐུ་བཞེངས་ཀྱིས་སྐར་མ་ ༡ རིང་ངག་བཅད་མྱ་ངན་གུས་འདུད་ཞུས་མཚམས་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་མུ་མཐུད་བགྲོ་གླེང་གནང་ཡོད། །