༢༠༡༦ ཟླ་ ༣ ཚེས་ ༡ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༦ ཟླ་༢ ཚེས་༢༦ ནས་༢༧ བར་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་ཏེ། ཤྲཱི་ལངྐའི་གནས་བརྟན་སྡེ་པ་དང་། བོད་བརྒྱུད་ནང་བསྟན་གྱི་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པའི་དབར་དམ་ཆོས་འདུལ་བའི་བགྲོ་གླེང་ཞིག་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཚུགས་ཡོད་པ་དང་། དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་ཤྲཱི་ལངྐའི་བླ་ཆེན་ཨི་ཏཱ་པཱ་ན་ངྷམ་ལངྐཱ་ར་མཱ་ཧ་ན་ཡེ་ཀེ་རྣམ་པ་གཉིས་ནས་མར་མེ་ཞལ་འབྱེད་དང་བསྟུན། བྱང་འདྲེན་མཆོག་ནས་དབུ་བསྐུལ་གྱིས་སྟོན་པའི་བསྟོད་པ་ཤླཽཀ་གསུམ་དང་བཀྲ་ཤིས་པའི་ཤླཽཀ་གསུམ་གསུང་འདོན་གནང་ཞིང་། ཤར་རྩེ་མཁན་པོས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་ངོ་སྤྲོད་དང་། ཤྲཱིལངྐའི་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་ཌོག་ཌར་ངྷ་མེན་དཱ་པོ་ར་ཀེ་ནས་གནས་བརྟན་སྡེ་བ་ངོ་སྤྲོད་ཞུས་གྲུབ་རྗེས། ཚོགས་ཐེངས་དང་པོར་དགའ་ལྡན་ཤར་རྩེ་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག་གིས་གཙོ་སྐྱོང་འོག་ཤྲཱི་ལངྐའི་གནས་བརྟན་ Dr.Pallekande Rathanasara Thero དང་། རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་ནས་རབ་བྱུང་སྒྲུབ་ཚུལ་དང་བསྙེན་རྫོགས་སྒྲུབ་ཚུལ་གྱི་སྐོར་གསུང་བཤད་གནང་བ་དང་། ཤྲཱི་ལངྐའི་གནས་བརྟན་ Dr.Medagama Nandavansa Thero དང་།
དགའ་ལྡན་བྱང་རྩེ་བློ་གྲོས་བཟང་པོས་དགེ་སློང་གི་ལྟུང་བ་རྣམ་གཞག་སྐོར་གསུང་བཤད་དང་། སྟངས་འཛིན་པས་གཟིགས་ཚུལ་གསུངས། ཚོགས་ཐེངས་གཉིས་པར་བློ་གླིང་མཁན་པོ་བློ་བཟང་ཡེ་ཤེས་མཆོག་གིས་གཙོ་སྐྱོང་འོག་ཤྲཱི་ལངྐའི་གནས་བརྟན་ Dr.Medagampitiye Wijithadhamma Thero དང་། སེར་སྨད་སྟོང་སྐོར་རིན་པོ་ཆེ་ནས་སྤང་ལྟུང་དང་། ལྟུང་བྱེད་འབའ་ཞིག་པ། སོར་བཤགས་དང་བསླབ་བྱའི་ཉེས་བྱས། རྩོད་པ་ཞི་བར་བྱ་བའི་ཆོས་བཅས་ཀྱི་སྐོར་དང་། ཤྲཱི་ལངྐའི་གནས་བརྟན་ Dr. Medagampitiye Wijithadhamma Theroདང་། སྒོ་མང་མཁན་པོ་བློ་བཟང་རྒྱལ་མཚན་མཆོག་ནས་གསོ་སྦྱོང་དང་། དབྱར། དགག་དབྱེ་བཅས་ཀྱི་སྐོར་ལ་གསུང་བཤད་དང་། ཕྱི་ཚེས་༢༧ ཉིན་ཚོགས་ཐེངས་གསུམ་པར་སྒོ་མང་མཁན་པོས་གཙོ་སྐྱོང་འོག་ཤྲཱི་ལངྐའི་གནས་བརྟན་ Ven.Muruddeniye Dhammarathana Theroདང་། བློ་གླིང་དགེ་བཤེས་ཡེ་ཤེས་ལྷུན་གྲུབ་ཀྱིས་སྤྱིར་བཏང་དགེ་སློང་གི་འཚོ་བའམ་ཀུན་སྤྱོད་ཀྱི་སྐོར་དང་།
དེ་ནས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་འཛིན་པ་རྣམས་ཀྱིས་འདུལ་བ་ལ་སློབ་གཉེར་ཆེད་དམ་བཅའ་དང་རྩོད་པ་བྱེད་ཚུལ་གཟིགས་འབུལ་དང་། མཇུག་བསྡོམས་སུ། ཤྲཱི་ལངྐའི་ནང་པའི་བློན་ཆེན་ཌོག་ཌར་ཝི་ཇེ་དཱ་ས་རཱ་ཇ་པག་མཆོག་ནས་གསུང་བཤད་བཀའ་དྲིན་སྩལ་ཡོད་པ་དང་། ཤྲཱིལངྐའི་བོད་ཀྱི་ནང་ཆོས་མཐུན་ཚོགས་ཀྱི་ཚོགས་གཙོ་ཌོག་ཌར་ངྷ་མེན་དཱ་པོ་ར་ཀེ་མཆོག་ནས་༸སྐྱབས་རྗེ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཤྲཱི་ལངྐའི་ནང་པའི་བློན་ཆེན་ཌོག་ཌར་ཝི་ཇེ་དཱ་ས་རཱ་ཇ་པག་མཆོག་རྣམ་གཉིས་ལ་དམིགས་བསལ་ཆེ་མཐོང་ཕྱག་རྟགས་འབུལ་བཞེས་ཞུས་ཤིང་། གོ་སྒྲིག་ཚོགས་ཆུང་ནས་སྐུ་མགྲོན་རྣམ་པར་ཕྱག་རྟགས་འབུལ་བཞེས་ཞུས་ཡོད་པར་མ་ཟད། ཤྲཱི་ལངྐའི་ནང་པའི་བློན་ཆེན་དང་། བླ་ཆེན་རྣམ་གཉིས་ཀྱི་སྐུ་འཁོར་བཅས་གདན་ས་གྲྭ་ཚང་ཁག་ཏུ་མཆོད་མཇལ་གཟིགས་སྐོར་དུ་འཁྲིད་ནས་ཕན་ཚུན་མཛའ་བཤེས་ཟབ་མོའི་བཀའ་མོལ་གནང་ཡོད་པར་མ་ཟད། མ་འོངས་པར་བོད་པའི་དགེ་འདུན་པ་ཤྲཱིལངྐའི་རྒྱལ་ཁབ་ནང་ཕེབས་ཏེ་ཕན་ཚུན་ཆོས་ཕྱོགས་ཀྱི་ཕྱག་ལས་མཉམ་རུབ་གནང་ན་དགེ་མཚན་ཆེ་སྐོར་གསུངས་ཡོད་པ་རེད།།