༢༠༡༦ ཟླ་ ༣ ཚེས་ ༡༡ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༡ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་ཇི་ནི་ཝའི་སློབ་ཁང་ཆེན་མོར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཆེས་མཐོའི་ལྷན་ཁང་གི་ཟུར་ཚོགས་ལྷན་ཚོགས་སུ་ལྷན་ཞུགས་མཛད་ཆེད་༸ཞབས་སོར་བདེ་བར་འཁོད་ཡོད།
སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་དང་ཡུ་རོབ་སྤྱི་འཐུས། དེ་བཞིན་ས་གནས་བོད་རིགས་གཙོ་བོར་གྱུར་བའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་མང་ཚོགས་རྣམས་ལ་ཕྱག་དབང་སྩལ།
དེ་ཡང་གོང་ཚེས་ཉིན་རྒྱལ་ཚོགས་ཀྱི་ཚོགས་མི་ཨ་རི་དང་ཁེ་ན་ཌའི་གཞུང་ཚབ་ཐུན་མོང་གིས་གོ་སྒྲིག་འོག སུད་སི་གྲོང་ཁྱེར་ཇི་ནི་ཝར་འཚོགས་བཞིན་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༡ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་ཡ་མེན་ Yemen རྒྱལ་ཁབ་ཀྱིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཏ་ཝག་ཀོལ་ཀར་མན་ Tawakkol karman མཆོག་དང་ཨི་རན་གྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཤི་རིན་ཨི་བྷ་དི་ Shirin Ebadi མཆོག་བཅས་ལྷན་ཞུགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་འདུག
ལྷན་ཚོགས་ཐོག་ཇི་ནི་ཝ་མངའ་ཁུལ་གྱི་གཞུང་ཚབ་དང་ཕྱི་འབྲེལ་ལས་དོན་མི་སྣ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ཐོག་ལ་ཕྱག་ལས་གནང་མཁན་དང་སློབ་ཕྲུག་བཅས་མཉམ་ཞུགས་གནང་ཡོད་པ་བཅས། །