ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་བརྒྱ་འཁོར་བ་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་རིང་པོར་མ་ཐོགས་པར་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༥༥ འཁོར་བ། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་བསྐྱངས་ནས་ལོ་ ༣༢༠ འཁོར་བའི་དུས་དྲན་གསུམ་འཛོམས་ཀྱི་རྟེན་འབྲེལ་གྱི་མཛད་སྒོ་ཟབ་རྒྱས་ཤིག་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྡ་ས་བོད་ཁྱིམ་སློབ་ཕྲུག་ནས་རྔ་རོལ་དང་བཅས་ཏེ་དབུས་བོད་ཀྱི་སྨན་རྩི་ཁང་གི་དབུ་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་གདན་ཞུས་ཀྱིས་༸ཞབས་སོར་འཁོད་བསྟུན། མཛད་སྒོའི་སྐུ་མགྲོན་ཧི་མཱ་ཅལ་ནགས་ཚལ་བློན་ཆེན་སྐུ་ཞབས་ཐཱ་ཀུར་སིངྒ་བྷར་མོ་རི་མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་ཚེའི་རིག་བྱེད་ Ayurveda ཀྱི་བློན་ཆེན་སྐུ་ཞབས་ཀ་རན་སིངྒ་མཆོག ཧི་མཱ་ཅལ་མངའ་སྡེའི་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ར་ཝི་ཐཱ་ཀུར་མཆོག་དང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན། རྡ་ས་ཁུལ་གྱི་ཆོས་སྡེ་ཁག་གི་དགེ་འདུན་པ། སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བས་མཉམ་ཞུགས་གནང་འདུག
མཛད་སྒོའི་ཐོག་མར་རྔ་རོལ་དང་བཅས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་ཧི་མཱ་ཅལ་ནགས་ཚལ་བློན་ཆེན་སྐུ་ཞབས་ཐཱ་ཀུར་སིངྒ་བྷར་མོ་རི་ Shri Thakur Singh Bharmouri མཆོག་གིས་གཙོས་སྐུ་མགྲོན་རྣམ་པས་གསུང་བཤད་གནང་གྲུབ་མཚམས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་དང་རུ་སུའི་གྲོས་ཚོགས་འཐུས་མི་རྣམས་ལ་ཕྱག་རྟགས་དང་།
དེ་བཞིན་སྐུའི་བླ་སྨན་ཟུར་པ་སྨན་པ་ཡེ་ཤེས་དོན་ལྡན་ལགས་ལ་ལེགས་གསོལ་ཕྱག་རྟགས་གསོལ་སྩལ་མཛད་པ་མ་ཟད། སྨན་རྩིས་ཁང་གི་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་དུ་སྤེལ་བཞིན་པའི་ལས་གཞིའི་ཆེད་ཞལ་འདེབས་རོགས་རམ་རྒྱ་ཆེ་གནང་མཁན་མི་སྣ་གསུམ་ལ་ལེགས་གསོལ་བྱ་དགའ་དང་ཕྱག་རྟགས། དངུལ་ཆུ་བཙོ་བཀྲུ་ཆེན་མོའི་ཕྱག་ལེན་འགན་འཁུར་རྐང་བཞེས་གནང་མཁན་སྨན་སྦྱོར་འགན་འཛིན་སྨན་རམས་པ་འཇམ་དབྱངས་བཀྲ་ཤིས་ལགས་ལ་གཟེངས་བསྟོད་ཕྱག་ཁྱེར་བཅས་གསོལ་སྩལ་མཛད་གྲུབ་མཚམས་བཀའ་སློབ་སྩལ།
དེ་རྗེས་སྨན་རྩིས་ཁང་གི་ལས་སློབ་རྣམས་ཀྱིས་གཞས་སྣ་འཁྲབ་སྟོན་ཞུས་གྲུབ་རྗེས། རྒྱ་གར་བྱང་ཕྱོགས་ཁུལ་གྱི་སྨན་རྩིས་ཁང་གི་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པི་ཀེ་སན་ཌིལ་ལགས་ཀྱིས་གསུང་བཤད་དང་། དེ་རྗེས་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་སྨན་རྩིས་ཁང་གི་ཞབས་ལོ་ ༣༠ དང་ ༢༠ ལོན་པ་རྣམས་ལ་ལེགས་གསོལ་བྱ་དགའ་གནང་རྗེས་གསུང་བཤད་གནང་།
དེ་ནས་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་སྨན་སློབ་སྐབས་ ༡༧།༡༨།༡༩ དང་། རྩིས་སློབ་སྐབས་ ༩།༡༠ རྣམས་ཀྱི་ལོ་འཁོར་རྒྱུགས་འབྲས་རྩེ་ཐོན་སོན་པ་གསུམ་དང་། སྤྱི་ཡོངས་བརྒྱ་ཆ་མཐོ་ཤོས་ཀྱི་སློབ་མ། བུ་དང་བུ་མོའི་རྒན་བདག་བཅས་ལ་ཕྱག་འཁྱེར་དང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གཞས་གདངས་འགྲན་བསྡུར་ཨང་རིམ་དང་པོར་བྱ་དགའ་གནང་།
དེ་རྗེས་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་དཔེ་དེབ་ཁག་བཅུ་དབུ་འབྱེད་གནང་རྗེས་ཕྱི་ཚེས་ ༢༤ ཉིན་གྱི་རྒྱལ་སྤྱིའི་བོད་ལུགས་སྨན་གྱི་བགྲོ་གླེང་ཚོགས་འདུའི་ཐོག་གསུང་བཤད་གནང་མཁན་རྣམས་ངོ་སྤྲོད་དང་སྦྲགས། སྐུ་བཅར་སྨན་རམས་པ་ཚེ་དབང་རྟ་མགྲིན་ལགས་ཀྱིས་དགའ་བསུའི་མཇལ་དར་འབུལ་བསྟུན་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཐེངས་འདིའི་དུས་དྲན་མཛད་སྒོ་རྒྱལ་ཁའི་ངང་ལེགས་པར་མཇུག་སྒྲིལ། །