༢༠༡༦ ཟླ་ ༣ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་རྡ་ས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་བརྒྱ་འཁོར་བ་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་རིང་པོར་མ་ཐོགས་པར་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ངོ་ ༥༥ འཁོར་བ། ༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་ལྕགས་པོ་རིར་སྨན་པ་གྲྭ་ཚང་གསར་འཛུགས་བསྐྱངས་ནས་ལོ་ ༣༢༠ འཁོར་བའི་དུས་དྲན་གསུམ་འཛོམས་ཀྱི་རྟེན་འབྲེལ་གྱི་མཛད་སྒོར་འཕྲོད་བསྟེན་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། ད་རིང་དུས་དྲན་གསུམ་འཛོམས་ཀྱི་མཛད་སྒོར་དངོས་སུ་ཆིབས་སྒྱུར་བསྐྱངས་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། འཛམ་གླིང་ཞི་བདེའི་དེད་དཔོན། བོད་མིའི་དབུ་འཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་སྟེ་དབུ་འབྱེད་མཛད་སྒོར་ཕེབས་གནང་བའི་དཔལ་ལྡན་ཁྲིམས་ཞིབ་པ་རྣམ་པ་དང་། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་དབུས་པའི་སྤྱི་འཐུས་རྣམ་པ། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་ཚོགས་གཙོ་དང་འགན་འཛིན་རྣམ་པ། དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཧི་མཱ་ཅལ་མངའ་སྡེའི་ཤིང་ནགས་བློན་ཆེན་ Shri Thakur Singh Bharmouri མཆོག་དང་། AYUSH བློན་ཆེན་ Shri Karen Singh མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Ravi Thakur མཆོག Mr & Mrs Irinchey Malkanov ར་ཤི་ཡ་གྲོས་ཚོགས་འཐུས་མི། Mrs Julia Zhironkina, (Director Save Tibet Foundation) གཞན་ཡང་འདིར་ཕེབས་སེར་སྐྱ་མི་མང་ལྷན་རྒྱས་ལ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་ཀྱི་སྨན་རྩིས་ཁང་ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་བསྐྱངས་ནས་ལོ་ ༡༠༠ འཁོར་བ་དང་། ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ནས་ལོ་ ༥༥ འཁོར་བ་དང་། ༸རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་ལྕགས་པོ་རི་སྨན་པ་གྲྭ་ཚང་གསར་འཛུགས་བསྐྱངས་ནས་ ༣༢༠ འཁོར་བའི་དུས་དྲན་གསུམ་འཛོམས་མཛད་སྒོའི་དགའ་སྟོན་ཉིན་མོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་སྤྲོ་སེམས་འཁོལ་བའི་ངང་ནས་དགའ་བསུ་དང་སྦྲགས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བཙན་བྱོལ་དུ་བོད་ཀྱི་སྨན་རྩིས་ཁང་ཐོག་མར་གསར་འཛུགས་བསྐྱངས་སྐབས་མགོན་པོ་གང་ཉིད་མཆོག་ནས་ད་ལྟའི་སྨན་རྩིས་ཞི་རྒྱ་ཆུང་བས་དཔལ་འབྱོར་དང་མིའི་ནུས་ཤུགས་གང་ཅིའི་ཐད་ནས་དཀའ་ངལ་འཕྲད་ངེས་ཀྱང་འབྱུང་འགྱུར་མི་ལོ་སུམ་ཅུ་དང་། བཞི་བཅུའི་ནང་བོད་སྨན་རང་གིས་ཁ་གྲགས་ཀྱི་རེད་ཅེས་བཀའ་སློབ་ཕེབས་ཡོད་པ་བཞིན་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ནས་མགོན་པོ་གང་ཉིད་ཀྱི་ཐུགས་བསྐྱེད་དགོངས་གཞི་གཙོ་བཟུང་ཐོག་བསྒྲུབ་བྱའི་དམིགས་ཡུལ་བཞིན། སྨན་རྩིས་བསྟན་པའི་ཆ་ལག་དང་བཅས་པ་མི་ཉམས་གོང་འཕེལ་རྒྱུད་འཛིན་དང་། ནད་ཀྱི་གདུང་བས་མནར་བའི་སྐྱེ་འགྲོ་རྣམས་ལ་ལག་ལེན་དངོས་ཀྱི་ཐོག་ནས་ཚེ་སྲོག་སྐྱོབ་པའི་ཕན་ནུས་བསྒྲུབས་དང་སྒྲུབ་བཞིན་ཁར། རང་རེའི་ན་གཞོན་དང་། ཧི་མཱ་ལ་ཡའི་རི་བརྒྱུད་ཡུལ་མི་དང་ཕྱི་རྒྱལ་མི་རིགས་བཅས་མི་ཉུང་བ་ཞིག་ལ་སྨན་རྩིས་རྩ་ཆེའི་རིག་གཞུང་ངོ་སྤྲོད་བརྒྱུད་འཛིན་དང་། རང་རེའི་སྤྱི་ཚོགས་ནང་གཟེངས་སུ་ཐོན་པའི་འཕྲོད་བསྟེན་ཞབས་འདེགས་རླབས་ཆེན་སྒྲུབ་བཞིན་ཐོག བོད་རྒྱལ་ཁབ་ཆེན་པོའི་ངོ་བོ་དང་མཚན་ལར་དགུང་དུ་འདེགས་པ་དང་། ནད་ཀྱིས་གདུང་བས་མནར་བའི་འགྲོ་བ་རྣམས་ལ་ཕན་རླབས་རྒྱ་ཆེ་བསྐྲུན་དང་སྐྲུན་བཞིན་ཡོད་པ་དཔེར་ན། རྩིས་ལོའི་ནང་བོད་རིགས་དང་། ཆོས་བྱེད་གྲྭ་བཙུན་སྔགས་གསུམ་དང་། སློབ་ཕྲུག སྲི་ཞུ་ལས་བྱེད། ཉམ་ཐག་བཅས་ལ་རིན་མེད་སྨན་སྦྱིན་དང་། ཕྱེད་བཅག་སྨན་སྦྱིན་ཧིན་སྒོར་ས་ཡ་ ༢༡༌༣༠ མཐུན་འགྱུར་སྦྱོར་སྤྲོད་གནང་ཡོད། བོད་ཀྱི་སྨན་རྩིས་ཁང་ནས་རང་རེའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་བདེ་རྩར་ཞབས་འདེགས་རླབས་ཆེན་བསྐྲུན་བཞིན་ཐོག བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ལའང་ཕྱར་གྲུ་མཉམ་འདེགས་ལམ་ནས་ཐུགས་ཕན་ཆེན་པོ་གསོས་དང་གསོ་བཞིན་རེད། བོད་ཀྱི་སྨན་རྩིས་ཁང་ནས་ནད་རིགས་སྤྱིར་བོད་སྨན་གྱིས་ཕན་སྐྱེད་གང་འདྲ་ཐོན་མིན་དང་། ལྷག་པར་ཕྱི་ལུགས་སྨན་གྱིས་བཅོས་དཀའི་ནད་རིགས་ལ་བོད་སྨན་གྱི་ཕན་ནུས་གང་འདྲ་ཐོན་མིན་ཞིབ་འཇུག་བགྱིས་པའི་མཐའ་མའི་གྲུབ་དོན་དེང་དུས་ཚན་རིག་ཐོག་ནས་ར་སྤྲོད་ཆེད་ཉམས་ཞིབ་སྡེ་ཚན་ནས་ད་བར་ཁྲག་རླུང་སྟོད་འཚང་དང་། གཅིན་སྙི་ཟ་ཁུ། མཆིན་ནད་དུག་ཐབས། བཙོ་ཐལ། ཕོ་སྨྱུག་རྨ་ཅན་དང་། གཉན་ཅན། འབྲས་ནད་བཅས་ལ་དཔྱད་ཞིབ་དང་། དེ་བཞིན་ཨི་སི་རལ་དང་། ལུ་ཐི་ནི་ཡ། ཨ་རི་བཅས་པར་ཕྱི་ལུགས་དང་གསོ་རིག་ཟུང་སྦྲེལ་ལམ་ནས་ཉམས་ཞིབ་དང་། འབྲས་ནད་དཔྱད་ཞིབ་སྙན་ཐོ་རྒྱལ་སྤྱིའི་ཚན་རིག་དུས་དེབ་ཀྱི་དྲྭ་རྒྱའི་ནང་འདོན་སྤེལ་གནང་ཡོད། བོད་ཀྱི་སྨན་རྩིས་ཁང་ནས་ལུས་སེམས་སྲོག་གི་སྡེ་ཚན་གསར་འཛུགས་དང་། སེམས་ངལ་གསོ་བའི་སྒོམ་སྒྲུབ་ལས་དོན་གསར་གཏོད་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་དང་དྲུང་ཆེ་མཚན་གནས་རྗེས་འབྲེལ་ཐོག་ནས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོཌ་ཀྱི་ཚོགས་གཙོ་དང་ཚོགས་གཞོན་ངོ་བོར་ཚོགས་བཅར་ཞུ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་རང་སྐྱོང་སྡེ་ཚན་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་གསར་འཛུགས་མཐུན་འགྱུར་དང་། ཐོག་མར་གསར་འཛུགས་ནས་ད་བར་ལོ་བཅུ་ཕྲག་ལྷག་རིང་བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་རྒྱུན་གྲོན་ཐོག་གང་ཐུབ་མཐུན་འགྱུར་སྦྱོར་བཞིན་ཡོད། བོད་ཀྱི་སྨན་རྩིས་ཁང་ནས་ཕྱི་ལོ་ ༢༠༡༦ ཕྱི་ཟླ་ ༣ ཚེས་ ༢༣ ནས་འགོ་འཛུགས་ཀྱིས་རྒྱ་གར་དང་། བལ་ཡུལ་ནང་བོད་མིའི་འདུ་སྡོད་ཁག་དང་། གྲོང་ཁྱེར། ཕྱི་རྒྱལ་ཡུལ་གྲུ་གང་སར་སྨན་རྩིས་སྐོར་བསྐྱོད་དང་། འགྲེམས་སྟོན། གཏམ་བཤད་སོགས་ལས་རིམ་སྣ་ཚོགས་ཤིག་སྤེལ་འཆར་ཡོད་པ་དང་། དེ་བཞིན་ནད་ཀྱིས་མནར་བའི་སྐྱེ་འགྲོའི་གདུང་བ་སེལ་བ་དང་། སྤྱི་ཚོགས་ཀྱི་འཕྲོད་བསྟེན་བདེ་རྩར་ཕན་པ་རླབས་ཆེན་བསྐྲུན་འཆར་ཡོད་པ་བཅས་ལ་འཕྲོད་བསྟེན་ལས་ཁུངས་ནས་བོད་ཀྱི་སྨན་རྩིས་ཁང་གི་འགོ་ལས་ཡོངས་ལ་ལེགས་གསོལ་དང་བསྔགས་བརྗོད་ཞུ་རྒྱུ་ཡིན། མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་སྐལ་བརྒྱར་བརྟན་ཅིང་། རླབས་ཆེན་ཐུཌ་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་གིས་ཕྱི་ལོ་ ༢༠༡༦ ཟླ ༣ ཚེས་ ༢༣ ལ།།