༢༠༡༦ ཟླ་ ༣ ཚེས་ ༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་ Tibetan Entrepreneurship Development TED ཚན་པས་རྡ་ས་ཁུལ་གྱི་མི་མང་རྣམས་ལ་ཚོང་ལས་ཡར་རྒྱས་རམ་འདེགས་ལས་གཞིའི་སྐོར་གོ་རྟོགས་སྤེལ་འགོ་བཙུགས་འདུག་པ་དང་བདུན་ཕྲག་རྗེས་མའི་ནང་ལས་གཞི་འདི་བཞིན་བོད་མིའི་གཞིས་ཆགས་ཆེ་ཁག་བཅུའི་ནང་སྤེལ་འཆར་འདུག ལས་གཞི་འདིའི་དམིགས་ཡུལ་གཙོ་བོ་ནི་དཔལ་འབྱོར་ལས་ཁུངས་ཀྱི་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞིའི་འོག་བོད་མིའི་ཚོང་པ་རྣམས་ལ་རྒྱབ་སྐྱོར་མཚོན་སླད་ལས་གཞི་སྣ་མང་སྤེལ་ཡོད་པ་དེ་དག་གི་སྐོར་གོ་རྟོགས་སྤེལ་སླད་ཡིན་པ་རེད།
དཔལ་འབྱོར་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་རྣམ་པས་རྡ་སས་གཙོས་ལྡི་ལི་བསམ་ཡས་གླིང་དང་། བདེ་སྐྱིད་སླར་གསོ། ལུགས་བཟུང་བསམ་གྲུབ་གླིང་། ཧོན་སུར་རབ་རྒྱས་གླིང་། ཀོ་ལི་གྷལ་དོན་ལྡན་གླིང་། སྦིར་བོད་ཚོགས། ཅོན་ཏ་ར། མོན་གྷོ་འདོད་རྒུ་གླིང་བཅས་སུ་ཕེབས་ཏེ་གོ་རྟོགས་ཀྱི་ལས་གཞི་སྤེལ་འཆར་འདུག ལས་རིམ་ཐོག་འབྲེལ་ཡོད་ལས་བྱེད་རྣམ་པས་ལས་གཞིའི་འོག་བོད་མིའི་ཚོང་པ་རྣམས་ལ་རྒྱབ་སྐྱོར་མཚོན་སླད་ལས་གཞི་སྣ་མང་སྤེལ་ཡོད་པ་དེ་དག་ཞིབ་ཕྲ་འགྲེལ་བརྗོད་གནང་རྒྱུ་མ་ཟད། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་ཀྱང་གནང་རྒྱུ་ཡིན་འདུག
ལས་གཞི་འདིའི་ནང་ཞུགས་བློ་ཡོད་རིགས་ནས་འཚང་སྙན་འགེངས་ཤོག་འབྲེལ་ཡོད་ས་གནས་འགོ་འཛིན་ལས་ཁུངས་དང་། ཡང་ན་དྲྭ་རྒྱ་ནས་ཕབ་ལེན་བྱ་འཐུས། ཆ་རྐྱེན་དང་འཚང་སྙན་འབུལ་ཕྱོགས་སོགས་ཀྱི་ཞིབ་གནས་ལས་གཞི་འདིའི་དྲྭ་རྒྱར་གཟིགས་རྒྱུ་ཡོད་པར་ཐུགས་ཞིབ་ཡོང་བ། དྲྭ་རྒྱའི་ཁ་བྱང་ www.tibetanentrepreneurs.org ཡིན།།