༢༠༡༦ ཟླ་ ༣ ཚེས་ ༥ རེས་གཟའ་སྤེན་པ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༤ ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་མཆོད་འབུལ་སྨོན་ལམ་ཐོག་སྲིད་ཚབ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་རྣམ་གྲྭ་མཁན་ཟུར་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་ཐོག་ནས་སྨོན་ལམ་ཚོགས་དགོས་པའི་རྒྱུ་མཚན་ནི། ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་ནང་གསལ་བ་ལྟར། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ ཉིན་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༤ ཙམ་ལ་བོད་ཁམས་དཀར་མཛེས་ཁུལ་ཉག་རོང་རྫོང་རི་མཚོ་ཁ་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་བོད་ནང་རང་དབང་རང་བཙན་དགོས་ཞེས་སྐད་འབོད་གནང་སྟེ་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་འདི་ང་ཚོ་ཚང་མས་ཐོས་ཡོད། ཉག་རོང་བ་སྐལ་བཟང་དབང་འདུས་ལགས་ནི། ད་ལྟ་རང་ལོ་ ༡༨ ཙམ་ཡིན་འདུག་པ་དང་། ཕ་བསོད་བཀྲ་དང་མ་དབུ་རྒྱན་སྒྲོལ་མ་གཉིས་ཀྱི་བུ་ཡིན་འདུག ཁོང་གིས་རང་ལུས་མེར་སྲེག་བཏང་ཡུལ་ནི་ཉག་རོང་རྫོང་དུ་རེད་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་བ་དང་། ཤེས་པའི་དགོངས་དོན་ལྟར་ན། ཁོང་རང་རྒྱུན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན་ཞིག་དང་། ལྷག་པར་བོད་དོན་ཐོག་དོ་སྣང་ཤུགས་ཆེ་གནང་མཁན་གྱི་ན་གཞོན་ཞིག་ཡིན་པ་དང་། རང་ལུས་མེར་སྲེག་མ་བཏང་གོང་ཁོང་གིས་བསམ་ཚུལ་དང་གང་བཤད་རྒྱུ་ཡོད་པ་རྣམས་ཡིག་ཐོག་ཏུ་ཕབ་ཡོད་པའི་གནས་ཚུལ་ཡང་འདུག ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་འགོ་འཛུགས་ཀྱིས་ད་བར་གཞིས་ལུས་བོད་མི་ཁྱོན་མི་གྲངས་ ༡༤༣ ཀྱིས་བོད་བསྟན་སྲིད་དང་བོད་མི་རིགས་ཆེད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་ཡོད་ཁོངས་ནས་རྒྱལ་གཅེས་པ་ ༡༢༤ འདས་གྲོངས་སུ་གྱུར་ཡོད། གཞན་རྣམས་ཀྱིས་གནས་སྟངས་ཁ་གསལ་ཤེས་རྟོགས་མེད་པར་གྱུར་ཡོད། འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་པ་རྣམས་ཀྱི་ནང་མི་དང་སྤུན་མཆེད། དགོན་པ་ལ་སོགས་པར་རྒྱ་གཞུང་གིས་དཀའ་ངལ་མང་པོ་སྤྲོད་བཞིན་ཡོད་པ་ང་ཚོ་ཚང་མས་ཤེས་དགོས་པའི་གནས་ཚུལ་ཞིག་དང་། ད་ལྟ་སྐུ་འཚོ་བཞུགས་ཡོད་པའི་རྒྱལ་གཅེས་པ་རྣམས་ཀྱི་གནས་སྟངས་ཐོག་ང་ཚོར་བློ་འཚབ་ཧ་ཅང་ཆེན་པོ་འདུག དེ་རིང་གི་དུས་ཚོད་འདིའི་ཐོག་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཐོག་ལ་ཐུགས་རེ་གནང་མཁན་གྱི་རྒྱལ་ཁབ་ཁག་དང་། དེ་བཞིན་སྡེ་ཚན་ཁག་ཚང་མར་འཛིན་སྐྱོང་བཀའ་ཤག་གིས་བོད་སྤྱི་ཡོངས་ཀྱི་ཚབ་ཞུས་ཏེ་དེ་ཚོའི་ཐོག་སྔར་ལྷག་ཐུགས་སྣང་གནང་རོགས་གནང་ཞུ་རྒྱུ་དང་། དེ་ཡང་བོད་མིའི་མངོན་འདོད་བསྒྲུབ་ཐབས་སླད་དམིགས་བསལ་དགོངས་པ་དང་དོན་ཐོག་སྨན་པའི་བྱ་བ་སྤེལ་རྒྱུའི་དུས་ཚོད་བསླེབ་འདུག ཅེས་ཞུ་རྒྱུ་ཡིན།
དེ་བཞིན་རྒྱ་གར་ནང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་རྒྱ་གར་བྱང་ཕྱོགས་ཨུཏྟར་ཁཎྜ་མངའ་སྡེའི་རྒྱལ་ས་སྡེ་ར་ལྡུན་གྱི་ཁྱབ་ཁོངས་ཧར་པ་པུར་འདོད་རྒུ་གཡུ་རྒྱལ་གླིང་བོད་མིའི་གཞིས་ཆགས་ཀྱི་ཉེ་འཁྲིས་སུ་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ན་གཞོན་ཁོང་ནི། དུས་རྒྱུན་དུ་བོད་དོན་ཐོག་དོ་སྣང་དང་སེམས་ཤུགས་ཡོད་པ་དེར་ཡི་རང་བསྔགས་བརྗོད་ཞུ་གི་ཡོད། འདི་དང་མཉམ་དུ་འགན་ཡོད་པའི་ཐོག་ནས་བཀའ་ཤག་གིས་ཞུ་རྒྱུ་ཞིག་ལ། ང་ཚོ་བཙན་བྱོལ་ནང་ཡོད་པའི་སློབ་ཕྲུག་ཚོའི་སེམས་ཤུགས་ལ་བརྒྱ་ཆ་བརྒྱ་ཡིད་ཆེས་ཡོད། འོན་ཀྱང་ང་ཚོ་རང་དབང་ལུང་པར་ཡོད་པའི་སློབ་ཕྲུག་ཚོའི་བྱ་ཕྱོགས་དེ་ཕུགས་རྒྱང་རིང་པོའི་ཐོག་ནས་རྩ་དོན་དང་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་སྒྲུབ་ཐབས་ལ་གནང་ཕྱོགས་གཞན་པའི་ཐོག་ལ་བསམ་བློ་མང་བ་བཏང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གོ་སྐབས་འདིའི་བརྒྱུད་ནས་ཞུ་ཐུབ་ན་སྙམ་པ་བྱུང་། མདོར་ན། ཕྱི་ནང་སུས་བལྟས་ཀྱང་ད་ལྟ་བོད་དེ་རྒྱའི་དབང་འོག་ཏུ་གནས་ཡོད། དེར་བརྟེན་བོད་ཀྱི་ལ་རྒྱ་ནམ་ཡང་བརླག་རྒྱུ་མེད། མི་རབས་དང་མི་རབས་བྱས་ནས་ན་གཞོན་ལོ་ཆུང་དེ་དག་ཁྲོད་རང་གི་རྒྱལ་ཁབ་ལ་ལ་རྒྱ་ཆེན་པོ་ཡོད་པ་དེ་གསལ་སྟོན་བྱས་ཐུབ་པར་ང་ཚོ་དགའ་སྤོབས་བྱེད་འོས་པ་ཞིག་ཆགས་ཀྱི་ཡོད། དེ་བཞིན་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་བོད་ཀྱི་གཞས་པ་གྲགས་ཅན་བདུད་བྷེ་ལགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ང་ཚོ་ཚང་མས་གསན་ཡོད། དེ་རིང་གི་མཆོད་འབུལ་སྨོན་ལམ་འདིའི་ཐོག་རྣམ་པ་ཚོ་ཚང་མས་འདས་གྲོངས་སུ་གྱུར་བ་དེ་དག་གི་ཆེད་དུ་སྨོན་ལམ་གནང་རོགས་ཞུ་རྒྱུ་དང་འབྲེལ་ཁོང་ཚོའི་ནང་མི་སོགས་འབྲེལ་ཡོད་ཚང་མར་བཀའ་ཤག་གིས་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་ཡོད་པ་བཅས།།