ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢ རེས་གཟའ་ལྷག་པ།
༄༅། མཚུངས་མེད་དབུས་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། སྐུ་ཚབ་དོན་གཅོད་རྣམ་པ། ས་གནས་འགོ་འཛིན་རྣམ་པ་བཅས་ཀྱི་སྙན་ལམ་དུ།
ཆེད་ཞུ། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་དགུང་གསར་ཚེས་བཅུའི་གཟབ་གསོལ་སྤྱན་འདྲེན་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཕེབས་དགོངས་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་། སྐུ་ཁམས་སྨན་བཅོས་འཕྲོད་བཞེས། བསྟན་འགྲོའི་སྤྱི་མཐུན་བསོད་ནམས་གསོག་སླད་དེ་སྔོན་གསལ་བསྒྲགས་ཞུས་པའི་ཞབས་རིམ། ༸རྒྱལ་བའི་མཚན་སྔགས་དང་། སྨན་བླའི་མདོ་ཆོག་དང་འབྲེལ་སྨན་གཟུངས་གྲངས་གསོག སྒྲོལ་མ་དང་སྒྲོལ་མའི་གཟུངས་སྔགས་བཅས་རྒྱུན་སྲིང་འབད་གལ་དང་།
ཡང་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་ནང་གི་གནས་སྟངས་ལ་འགྱུར་བ་ཡོང་ཐབས། དེ་བཞིན་ས་ཡོམ་སོགས་འབྱུང་བའི་གནོད་པ་དང་། ལྷག་པར་འཕགས་པའི་ཡུལ་གྱི་བྱང་ཤར་མཚམས་སུ་འབྱུང་བ་ས་ཡི་གནོད་འཚེ་འབྱུང་ངོ་ཤར་བའི་བཟློག་ཐབས་བཅས་ཀྱི་ཕྱིར། མཆོག་དམན་ཀུན་ནས་གསུང་བྱིན་བདེན་པའི་རྔ་སྒྲ་དང་། མཧཱ་གུ་རུའི་ཐུགས་དམ་གནད་བསྐུལ་དང་འབྲེལ་གུ་རུའི་གཟུངས་སྔགས་གྲངས་གསོག ཐུབ་པའི་མཚན་སྔགས། ཨོ་རྒྱན་འབྱུང་བཞིའི་ལྷ་མོའི་གསོལ་འདེབས་བཅས་རྒྱུན་སྲིང་གྲངས་གནང་དགོས་མཆིས་ན། སོ་སོའི་ཁྱབ་ཁོངས་དང་བཅས་པར་གསལ་བསྒྲགས་ནན་འདྲོངས་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༣༠ བར་དུ་གོང་གསལ་ཞབས་རིམ་སྨིན་སྒྲུབ་གྲངས་གསོག་གནང་བའི་སྒྲུབ་ཐོ་འདི་ག་ཆོས་རིག་ལས་ཁུངས་སུ་ཁ་གསལ་ངེས་གནང་ཡོང་བ་དེ་དོན་དགོངས་འཇགས་ཞུ། ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༦ ལ་ཕུལ།།