༢༠༡༦ ཟླ་ ༣ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༣ ནས་ ༡༧ བར་ཉིན་གྲངས་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པས་བཀོད་སྒྲིག་ལྟར། གྷོ་པལ་པུར་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་སློབ་ཕྲུག་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་རྒྱུའི་ཟབ་སྦྱོང་ཞིག་གནང་ཡོད།
དེ་ཡང་ཐེངས་འདིའི་ཟབ་སྦྱོང་ནང་ཕྱི་ཚེས་ ༡༣ ནས་ ༡༥ བཅས་ཉིན་གསུམ་རིང་འཛིན་རིམ་བཅུ་གཉིས་སློབ་ཕྲུགས་གྲངས་ ༢༠ དང་། ཕྱི་ཚེས་ ༡༦ དང་ ༡༧ བཅས་ཉིན་གཉིས་རིང་འཛིན་རིམ་བཅུ་པའི་སློབ་ཕྲུག་གྲངས་ ༡༩ རྣམས་མཉམ་ཞུགས་ཀྱིས་དེ་གའི་ཟབ་ཁྲིད་པས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་བྱུང་རིམ་ངོ་སྤྲོད་དང་། རྒྱབ་ལྗོངས་ལོ་རྒྱུས། དེ་བཞིན་དབུ་མའི་ལམ་གྱི་གྲུབ་འབྲས་སྐོར་སོགས་ཀྱི་སྐོར་ལ་ངོ་སྤྲོད་གནང་བ་དང་།
ཕྱོགས་མཚུངས་རིག་རྩལ་འདྲ་མིན་གྱི་ལམ་ནས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་རྒྱུས་ལོན་བྱས་ཐབས་དང་། ཕན་ཚུན་བསམ་ཚུལ་བརྗེ་ལེན་བཅས་ཀྱི་སྒོ་ནས་ཐེངས་དེའི་ཟབ་སྦྱོང་ལེགས་གྲུབ་བྱུང་འདུག
ཟབ་སྦྱོང་གོ་སྒྲིག་གནང་མཁན་ཕྱི་དྲིལ་ལས་བྱེད་བསྟན་འཛིན་བཀྲ་ཤིས་ལགས་དང་། ཟབ་ཁྲིད་པ་སྐལ་ལྡན་མཚོ་མོ་ལགས་དང་། བསྟན་འཛིན་བྱམས་ཆེན་ལགས་ཡིན་འདུག་པ་བཅས། །