༢༠༡༦ ༣ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༢ རེས་གཟའ་མིག་དམར་གྱི་སྔ་དྲོ་ཚོུད་ ༩།༣༠ ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་དབུ་བཞུགས་མཛད་ནས་རྣམ་གྲྭ་མཁན་རིན་པོ་ཆེ་མཆོག་དང་། སློབ་དཔོན་རྣམ་པ། དགེ་འདུན་པ་བཅས་ཆེད་ཕེབས་ཐོག་དཔལ་ཆེན་རྡོ་རྗེ་གཞོན་ནུའམ་ཕུར་པ་ཡང་སྙིང་སྤུ་གྲིའི་གོ་ཆའི་སྒོ་ནས་སྒྲུབ་མཆོད་རྒྱས་པ་སྨིན་སྒྲུབ་མཛད་ཡོད། དེ་ཡང་དཔལ་ཆེན་རྡོ་རྗེ་གཞོན་ནུའམ་ཕུར་པ་ཡང་སྙིང་སྤུ་གྲིའི་སྒྲུབ་མཆོད་ནི། དེ་སྔ་རྒྱལ་མཆོག་༸སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་༸སྐུ་དུས་སུ་བོད་བསྟན་སྲིད་ཀྱི་ཕན་བདེའི་སླད་དུ་གཏེར་བཏོན་བསོད་རྒྱལ་ལམ་གཏེར་ཆེན་ལས་རབ་གླིང་པ་མཆོག་དང་ལྷན་དུ་བོད་ཀྱི་རྒྱལ་ས་ལྷ་སའི་ནོར་བུ་གླིང་གར་དམིགས་བསལ་ཕྱོགས་སྒྲིག་ཞུས་པའི་ཆོ་ག་ཞིག་དང་། སྐབས་དེར་རྒྱལ་མཆོག་ཐུབ་བསྟན་རྒྱ་མཚོ་མཆོག་གིས་ཆོ་ག་དེ་བཞིན་རྒྱུན་སྐྱོང་ཡོང་ཆེད་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་གནས་ཆུང་སྒྲ་དབྱངས་གླིང་བཅས་གྲྭ་ཚང་གཉིས་ལ་ཆོ་ག་དེ་དངོས་སུ་བཙུགས་པ་ལྟར། དུས་དེ་ནས་བཟུང་ད་བར་རྒྱུན་ཆད་མེད་པར་ལོ་སྟར་ཆགས་སྒྲུབ་མཆོད་གནང་གི་ཡོད་པ་མ་ཟད། གཞི་རྩའི་༸སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་༸སྐུ་ཕྱྭའི་ཞབས་རིམ་སྒྲུབ་མཆོད་གནང་དགོས་ཁག་ལྔ་ཡོད་ཁོངས་ནས་ཕུར་པ་ཡང་སྙིང་སྤུ་གྲིའི་གོ་ཆའི་སྒོ་ནས་སྒྲུབ་མཆོད་རྒྱས་པ་འདི་གཅིག་ཡིན་འདུག །