༢༠༡༦ ཟླ་ ༣ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༩ ཉིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པའི་ལས་ཉིན་བརྒྱད་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་གི་གསལ་བཤད་གནང་དོན།
ད་རེས་སྐབས་ ༡༥ གྲོས་ཚོགས་ཚོགས་དུས་མཐའ་མ་ཆགས་ཡོད། ད་བར་དུ་རྣམ་པ་ཚོས་འགན་ཁུར་གནང་སྟེ་ཕྱར་གྲུ་མཉམ་འདེགས་གནང་བ་དང་། ལྷག་པར་བོད་གཞིས་བྱེས་མང་ཚོགས་ནས་ཀྱང་འགན་ཁུར་བཞེས་པའི་ཐོག་༸གོང་ས་མཆོག་གིས་གསོལ་སྩལ་མཛད་པའི་མང་གཙོའི་འགྲོ་ལུགས་འགྲོ་སྟངས་དེ་ཕྱོགས་གཅིག་ནས་ཚགས་ཚུད་འགྲོ་བཞིན་ཡོད་པ་དང་། དེ་བཞིན་མི་མང་ནས་ཀྱང་ཐེངས་འདིར་འོས་བསྡུ་ཆེན་མོར་དོ་སྣང་ཆེན་པོས་ཆ་ཤས་བླངས་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་གྲོས་ཚོགས་རྭ་བ་འདིའི་ནང་ཡོད་པའི་བཀུར་འོས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་པའི་སྤྱི་འཐུས་རྣམ་པ་ཚང་མར་བཀའ་ཤག་འདིའི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། རྒྱ་ཆེ་མི་མང་ཡོངས་ནས་ད་བར་བཀའ་སྤྱི་གཉིས་ལ་རྒྱབ་སྐྱོར་དང་། འགན་ཁུར་ཡག་པོ་བཞེས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཉེ་ཆར་སྨན་རྩིས་ཁང་དབུས་བརྙེས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་སྐབས་༸གོང་ས་མཆོག་གིས་བཀའ་སློབ་ཧ་ཅང་ལྗིད་པོ་ཕེབས་ཡོད་པར་བཀའ་ཤག་ངོས་ནས་ཀྱང་གལ་ཆེ་ནང་གི་དོན་ཆེར་རྩིས་ཏེ་ཚོར་ཤུགས་ཆེན་པོའི་ཐོག་ནས་བཀའ་བསྡུར་ཐེངས་འགའ་ཤས་བྱུང་སོང་། བཀའ་ཤག་ནང་དུ་འཕྲོད་བསྟེན་བཀའ་བློན་ཡང་ཚུད་ཡོད་སྟབས་སྐབས་དེར་ཁོང་ལའང་ལམ་སྟོན་གནང་བ་ལྟར་ཁོང་ནས་འགན་ཁུར་ལྡན་པའི་ཐོག་ནས་ཁ་སང་གྲོས་ཚོགས་སུ་སྙན་གསེང་ཞུས་པ་རེད། འཕྲོད་བསྟེན་ལས་ཁུངས་སུའང་འབྲེལ་ཡོད་ལས་བྱེད་མཉམ་འཛོམས་ཐོག་ཚོགས་འདུ་ཐེངས་འགའ་ཤས་ཚོགས་གནང་འདུག ཁ་སང་དགའ་ལྡན་ཕོ་བྲང་ལའང་ཕྱག་བྲིས་ཤིག་ཕུལ་ཡོད། གཙོ་ཆེ་ཤོས་༸གོང་ས་མཆོག་གིས་ཐེངས་འདིར་བཀའ་སློབ་ལྗིད་པོ་དེ་འདྲ་སྩལ་དགོས་པའི་གནད་དོན་གཅིག་ནི། སྨན་བཅོས་སྔོན་འགོག་ཐོག་བཀའ་སློབ་ལྗིད་པོ་ཕེབས་ཡོད་སྟབས། འཕྲོད་བསྟེན་ལས་ཁུངས་ནས་ནད་གཞི་སྔོན་འགོག་ཆེད་ལས་གཞི་ཇི་འདྲ་སྤེལ་རྒྱུའི་ཐོག་འཆར་གཞི་གཏིང་ཟབ་རིམ་བཞིན་ཐོན་ཡོང་རྒྱུ་རེད། དེའི་ཆེད་ད་ལྟ་ནས་བཀའ་ཤག་གིས་འོག་གྲབས་བྱེད་བཞིན་ཡོད། ཅེས་འགན་ཁུར་ལྡན་པའི་ཐོག་ནས་ཞུ་རྒྱུ་ཡིན།
ད་ལྟ་ང་ཚོས་འབྱུང་འགྱུར་ལོ་གསུམ་ནང་འཕྲོད་བསྟེན་སྔོན་འགོག་ཐོག་ལས་འཆར་རྒྱ་ཆེ་བ་དང་ཆ་ཚང་བ་ཞིག་བཟོ་ཆེད་འགྲོ་གྲོན་ལ་མ་འཛེམ་པར། ལོ་གསུམ་ནང་གྲུབ་འབྲས་སྨིན་རྒྱུར་འོག་གྲབས་བྱེད་པ་དེ་འབྱུང་འགྱུར་བཀའ་ཤག་གསར་པས་འགན་ཁུར་བཞེས་ཏེ་ལག་བསྟར་གནང་རྒྱུར་ཡིད་ཆེས་ཞུ་རྒྱུ་ཡིན། གནད་དོན་གཞན་དེ། བོད་མི་སྐྱོ་བོ་ཉམ་ཐག དགུང་ལོ་བགྲེས་པ་ཚོར་གཟིགས་རྟོགས་ཡག་པོ་བྱེད་དགོས་པ་༸གོང་ས་མཆོག་གིས་དུས་རྟག་ཏུ་བཀའ་སློབ་སྩོལ་བཞིན་ཡོད། དེའི་ཐོག་ལའང་བཀའ་ཤག་ནང་བཀའ་བསྡུར་བྱུང་། ཉམ་ཐག་ཚོར་ལྟ་སྐྱོང་ཆེད་སྒྲིག་གཞི་དང་ཚོགས་ཆུང་ཡོད། ཚོགས་ཆུང་དེར་དེ་སྔ་བཀའ་ཤག་ནས་སྐབས་དང་དུས་ལ་བསྐྱར་ཞིབ་དང་ལས་བྱེད་མང་དུ་གཏང་དགོས་འདུག་ཅེས་བཀའ་བསྡུར་བྱུང་བ་རེད།
འོན་ཀྱང་ཉེ་ཆར་༸གོང་ས་མཆོག་གིས་བཀའ་སློབ་ལྗིད་པོ་ཕེབས་པར་བརྟེན། ཉམ་ཐག་གི་སྒྲིག་གཞི་དང་། ཉམ་ཐག་ཚོགས་ཆུང་ཚགས་ཚུད་ཇི་འདྲ་བཟོ་རྒྱུའི་ཐད་ང་ཚོས་འོག་གྲབས་སྒྲིག་ནས་ལོ་གསུམ་ནང་འབྱུང་འགྱུར་བཀའ་ཤག་གསར་པས་གྲུབ་འབྲས་སྨིན་པ་ཞིག་ཡོང་སླད་འབད་བརྩོན་ཧུར་ཐག་ཞུ་རྒྱུར་ང་ཚོས་ཡིད་ཆེས་ཞུ་རྒྱུ་ཡིན། གནད་དོན་གསུམ་པ་ནི། ༸གོང་ས་མཆོག་གིས་དེང་སྐབས་བོད་མིའི་ཁྲོད་བཟང་སྤྱོད་ཕྲན་བུའི་ཉམས་ཆག་འགྲོ་བཞིན་ཡོད་པའི་ཐུགས་ཞིབ་བྱུང་གནང་མཛད་ཡོད་སྐོར་བཀའ་སློབ་ཕེབས་ཡོད། སྤྱིར་དེང་སྐབས་སྤྱི་ཚོགས་ཁྱོན་ཡོངས་སུ་ཡ་རབས་བཟང་སྤྱོད་ཉམས་ཆག་འགྲོ་བཞིན་ཡོད་པ་ཚང་མས་ངོས་འཛིན་རྒྱུ་རེད། བཟང་སྤྱོད་ཉམས་ཆག་འགྲོ་བཞིན་ཡོད་པའི་དཔེ་མཚོན་མང་པོ་ཡོད། དཔེར་ན། ཉེ་ཆར་འོས་བསྡུ་ཆེན་མོའི་སྐབས་བཟང་སྤྱོད་ཀྱི་གནས་བབ་ཇི་ཙམ་ཉམས་པ་གསལ་པོར་མངོན་ཐུབ་པ་བྱུང་ཡོད།
འོས་བསྡུ་ཆེན་མོ་ཙམ་ལ་ཞུ་ཡི་མེད། འོན་ཀྱང་འོས་བསྡུའི་སྐབས་སྤྱི་ཚོགས་སྤྱི་ཡོངས་ནང་བཟང་སྤྱོད་ཉམས་ཆག་ཕྱིན་པའི་རྣམ་པ་ཞིག་ཐོན་པ་རེད། ༸གོང་ས་མཆོག་དང་། བླ་ཆེན་ཁག དེ་བཞིན་མི་རབས་རྒན་པ་ཚོས་ད་བར་ཡ་རབས་བཟང་སྤྱོད་དགོས་པའི་བཀའ་སློབ་ལམ་སྟོན་སྩལ་དང་སྩོལ་བཞིན་ཡོད། ཚང་མས་དགོངས་པ་ཆེ་བཞེས་ཐོག་གཟབ་གཟབ་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཞེ་ན་ང་ཚོའི་མ་རྩ་དང་སྲོག་རྩ་ལྟ་བུ་ཡ་རབས་བཟང་སྤྱོད་རེད། ང་ཚོ་མང་གཙོའི་སྒྲིག་འཛུགས་ཀྱི་ལམ་ལུགས་ཇི་འདྲ་ཞིག་ཡོད་པ་བརྗོད་དགོས་ན། ཏན་ཏན་ཚགས་ཚུད་ཐག་གཅོད་རེད། ལོ་ཉིས་བརྒྱ། སུམ་བརྒྱ། ལྔ་བརྒྱ་ཕྱིན་པའི་རྒྱལ་ཁབ་གཞན་གྱི་མང་གཙོའི་ལམ་ལུགས་དང་བསྡུར་བ་ཡིན་ན། མང་གཙོའི་འགྲོ་སྟངས་འགྲོ་ལུགས། ཁྲིམས་དང་སྒྲིག་གཞིའི་ཐོག་ནས་ད་དུང་ཡིན་ནའང་ང་ཚོ་ཡར་རྒྱས་འགྲོ་དགོས་རྒྱུའི་གནས་སྟངས་མང་པོ་ཡོད།
འོན་ཀྱང་ང་ཚོའི་མང་གཙོའི་ལམ་ལུགས་དེར་དམིགས་བསལ་ཁྱད་ཆོས་ཡོད་པ་ནི་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་གཞིར་བཟུང་ཡ་རབས་བཟང་སྤྱོད་འདི་རྩ་ཆེའི་མ་རྩ་ལྟ་བུ་ཆགས་ཡོད། མ་རྩ་འདི་ཉམས་ཆག་ཕྱིན་ནས་མེད་པ་གྱུར་ཚེ་ཧ་ཅང་བློ་ཕམ་དང་ཉེན་ཁ་ཆེན་པོ་རེད།
དེར་བརྟེན་ལོ་ལྔ་བཅུ་ང་གྲངས་རིང་མི་རབས་རྒན་པ་ཚོ་དང་སྲི་ཞུ་བ་རྒན་པ་ཚོས་སྐུ་ལས་སྐྱོན། ༸གོང་ས་མཆོག་གིས་ཡ་རབས་བཟང་སྤྱོད་དགོས་པའི་བཀའ་སློབ་ལམ་སྟོན་སྩལ་བ་འདི་ཉམས་ཆག་ཕྱིན་པ་ཡིན་ན། གཞན་གྱིས་བེད་སྤྱོད་ལོག་པར་བཀོལ་རྒྱུ་ཧ་ཅང་མྱུར་པོ་རེད། དཔེར་ན། ཐེངས་འདིར་འོས་བསྡུ་ཆེན་མོར་བསྙད་ནས་རྒྱ་ནག་གི་ཚགས་ཤོག་ནང་དང་། རྒྱ་ནག་གི་མགོ་ཁྲིད་ཚོས་ང་ཚོར་ཚུར་ཁ་བལྟས་ནས་སྐྱོན་བརྗོད་བྱས་པ་ཁག་གསར་ཤོག་སོགས་ནང་ཐོན་ཡོད། ཁོ་པ་ཚོའི་འགན་དེ་བཙན་བྱོལ་བོད་མིའི་འཐབ་རྩོད་ཀྱི་ནུས་པ་བཅོག་རྒྱུ་དང་སྐྱོན་བརྗོད་བྱེད་རྒྱུ་རེད། འོན་ཀྱང་རྒྱལ་སྤྱིའི་ཐོག་ནས་ང་ཚོར་ད་བར་ཆེ་མཐོང་སྤྲོད་བཞིན་ཡོད་པ་འདི་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་རིན་ཐང་དེར་ཆེ་མཐོང་སྤྲད་པ་ཞིག་རེད། བོད་པ་ཟེར་ན་ཏཱ་ལའི་བླ་མ་མཆོག་གི་མི་རེད། ཡ་རབས་བཟང་སྤྱོད་ལྡན་པ་རེད། ཅེས་དུས་རྟག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། དེ་ལ་བརྟེན་ནས་ང་ཚོར་རྒྱབ་སྐྱོར་ཡང་ཐོབ་བཞིན་ཡོད། འོན་ཀྱང་རྒྱལ་སྤྱིའི་ཐོག་ནས་ཁ་ཕྱོགས་བསྒྱུར་འགོ་འཛུགས་ཟིན། ཐེངས་འདིའི་འོས་བསྡུ་ཆེན་མོ་འདི་གཅིག་རེད། མ་འོངས་པར་འདི་ལྟར་གནས་པ་ཡིན་ན། ཁ་ཕྱོགས་བསྒྱུར་ཚར་རྗེས་ད་བར་གྲུབ་འབྲས་གང་བྱུང་བ་རྣམས་ཉམས་ཆག་འགྲོ་རྒྱུའི་ཉེན་ཁ་ཧ་ཅང་ཆེན་པོ་རེད། འོས་བསྡུ་ཆེན་མོ་ཡིན་ནའང་རེད། གྲོས་ཚོགས་ཡིན་ནའང་རེད། དུས་རྟག་ཏུ་འགན་ཆེ་ཤོས་དེ་ག་རེ་རེད་ཟེར་ན། སྤྱི་པའི་རྩ་དོན་དེར་དོ་ཕོག་མ་འགྲོ་རྒྱུ་དང་། སྤྱི་ཚོགས་ནང་རྡོག་རྩ་གཅིག་སྒྲིལ་དེའི་ཐོག་ལ་དོ་ཕོག་མ་འགྲོ་བ་གནང་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད་བསམས་ཀྱི་འདུག
འོས་བསྡུ་ཆེན་མོ་ཡིན་ནའང་རེད། ཕྱག་ལས་ག་རེ་གནང་ནའང་སྤྱི་པའི་རྩ་དོན་ལ་དོ་ཕོག་ཕྱིན་པ་དང་། ང་རང་ཚོའི་རྡོག་རྩ་གཅིག་སྒྲིལ་དེར་དོ་ཕོག་ཕྱིན་པ་ཡིན་ན་འོས་ཤོག་དང་རྒྱལ་ཁ་ཐོབ་པ་གང་འདྲ་ཞིག་བྱུང་ཡང་རང་བཞིན་གྱི་བློ་ཕམ་གྱི་གནས་ཚུལ་ཆགས་རྒྱུ་རེད།
ཐེངས་འདིར་འཕྲོད་བསྟེན་ཐོག་ནས་སྔོན་འགོག་གི་ལས་གཞིར་འཐུས་ཤོར་བ་དང་། སྐྱོ་པོ་ཉམས་ཐག་ལ་དུས་ཐོག་ལྟ་རྟོག་བྱ་རྒྱུ་དང་། གཞན་ཡང་བོད་མིའི་ཁྲོད་ཡ་རབས་བཟང་སྤྱོད་ཉམས་ཆག་ཕྱིན་པའི་གནད་དོན་ཐོག་བཀའ་སློབ་ལྗིད་པོ་ཐེབས་སྟབས། བཀའ་ཤག་ནས་འགན་ཁུར་ལྡན་པའི་ཐོག་ནས་༸གོང་ས་མཆོག་ཐུགས་དགོངས་མ་དྭངས་བར་དགོངས་གསོལ་ཞུ་རྒྱུ་རེད།
དཔལ་འབྱོར་ཧ་ཅང་གལ་ཆེན་པོ་རེད། དཔལ་འབྱོར་ཡར་རྒྱས་འགྲོ་བར་བརྟེན་རྒྱ་ནག་ལ་མཐོང་ཞིག་བྱུང་ཡོད། ཆབ་སྲིད་ཐོག་ལ་ཡིན་ནའང་ནུས་པ་དེ་ཤུགས་ཆེ་རུ་ཕྱིན་ཡོད། འོན་ཀྱང་ཉེ་ཆར་ World Street Journal ཞེས་པའི་འཛམ་གླིང་ནང་ཚགས་པར་སྙན་གྲགས་ཆེན་པོ་ཡིན་པ་ཞིག་མ་ཟད། དམིགས་བསལ་དཔལ་འབྱོར་སྒང་ལ་གནད་འགག་ཆེ་ཤོས་ཤིག་བརྩི་བཞིན་ཡོད། ཚགས་པར་འདིའི་ནང་འགོ་བརྗོད་དང་སྦྲགས་ཏེ་ཉེ་ཆར་ག་རེ་ཐོན་འདུག་ཟེར་ན། ༢༠༡༥ ལོར་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་འདི་རྒྱ་ནག་གི་དཔལ་འབྱོར་དེ་ལོ་ཉི་ཤུ་རྩ་ལྔའི་ནང་ལ་དམའ་ཤོས་ཆགས་འདུག ཞེས་ཟེར་ནས་རྒྱ་ནག་ལ་དཔལ་འབྱོར་ཉམས་རྒུད་འགྲོ་རྒྱུའི་གནས་ཚུལ་མང་པོ་ཞིག་ཐོན་ཡོང་གི་ཡོད་པ་རེད།
འདི་ཁ་ཕྱོགས་གཅིག་འགྱུར་བ་འགྲོ་བཞིན་ཡོད། དཔལ་འབྱོར་ཉམས་རྒུད་འགྲོ་གི་ཡོད་ན་དེས་རྐྱེན་པས་རྒྱ་ནག་ནང་ག་རེ་ཆགས་རྒྱུ་རེད། སྤྱིའི་ཐོག་ནས་རྒྱ་ནག་ལ་གཟིགས་སྟངས་ག་རེ་ཆགས་ཀྱི་རེད། ཆབ་སྲིད་ཐོག་ནས་ཡིན་ནའང་རྒྱ་ནག་ནང་ཏོག་ཙམ་འཁྲུག་ཆ་ཆེ་རུ་འགྲོ་གི་འདུག དཔེར་ན། ད་བར་གོ་རྒྱུ་ལྟར་ན་དབང་ཆ་ཚང་ཞི་ཅིང་ཕིང་གིས་འཇུས་ནས་ཡོད་ཅེས་ཟེར། ཉེ་ཆར་རྒྱ་ནག་ནང་གི་ཚོགས་འདུ་ཆེན་པོ་ཞིག་གི་ནང་ལ་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། གྲངས་ཉུང་མི་རིགས་ཀྱི་འགན་འཁུར་མཁན་རེད། བོད་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད། ཡུ་ཀྲུང་ཞོན་ཟེར་བ་ཁོང་གིས་རྒྱ་ནག་གི་ཚོགས་འདུ་ཆེན་པོ་ཞིག་གི་ནང་ལ་ཞི་ཅིང་ཕིང་ལ་སྐྱོན་བརྗོད་བྱས་པ་རེད། ཅེས་ཚགས་པར་ནང་ཐོན་འདུག
༢༠༡༧ ཟླ་ ༡༠།༡༡ ནང་ལ་རྒྱ་ནག་འགོ་ཁྲིད་བརྗེ་བོ་བརྒྱབ་ཀྱི་རེད། ཅེས་ཡོངས་གྲགས་རེད། ད་ལྟའི་ཆར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་སྟངས་བྱས་པ་ཡིན་ན། ཞི་ཅིང་ཕིང་དང་ལི་ཁེ་ཅིང་གཉིས་སྲིད་འཛིན་དང་སྲིད་བློན་རྣམ་པ་གཉིས་རང་འཇགས་བསླེབ་རྒྱུ་རེད། གཞན་འགོ་ཁྲིད་ལྔ་འགྱུར་བ་འགྲོ་གི་རེད། ཅེས་འགྱུར་བ་འགྲོ་བ་ཡིན་ན་འགོ་ཁྲིད་ལྔའི་ནང་ནས་སུ་ཕེབས་ཀྱི་རེད། དེ་ཕེབས་པ་ཡིན་ན་བོད་དོན་ཐོག་ནས་འབྲེལ་བ་ཡོང་གི་རེད་དམ་མ་རེད། ཁྱད་པར་ཡོང་གི་རེད་དམ་མ་རེད། ཅེས་འདྲི་བ་ཞིག་རང་བཞིན་ཆགས་ཡོང་གི་ཡོད་པ་རེད།
དཔེར་ན། ང་ཚོ་བོད་པའི་སྐུ་ཚབ་དང་པོ་ཕེབས་པ་འདི་ཏིང་ཞའོ་ཕིང་སྐབས་ལ་ཆགས་པ་རེད། རིག་གནས་གསར་བརྗེ་རྗེས་སུ་ཏིང་ཞའོ་ཕིང་ཁོ་རང་ལ་སྐུ་དབང་རག་རྒྱུ་འགོ་བཙུགས་པ་རེད། སྐུ་དབང་ཧ་ལམ་ཆ་ཚང་རག་ཚར་བའི་རྗེས་སུ་གཞི་ནས་ ༡༩༧༩། ༡༩༨༠།༡༩༨༢ བཅས་ལ་བོད་པའི་སྐུ་ཚབ་རྒྱ་ནག་དང་བོད་ལ་ཕེབས་ཐུབ་པ་རེད། དེ་བཞིན་ཉེ་བའི་ཆ་ནས་སྐུ་ཚབ་རྣམ་གཉིས་རྒྱ་ནག་སྲིད་འཛིན་ཟུར་པ་ཅང་རྩེ་མིན་ཁོ་རང་གི་སྲིད་འཛིན་ལས་ཡུན་གཉིས་པར་ལོ་བརྒྱད་པ་དགུ་པའི་སྐབས་སྐུ་ཚབས་ཕེབས་ཐུབ་པ་བྱུང་ཡོད།
དེ་འདྲ་ཡིན་སྟབས་ ༢༠༡༧ སྐབས་ལ་རྒྱ་ནག་གི་སྲིད་འཛིན་དང་སྲིད་བློན་ཁོང་རྣམ་པ་གཉིས་མ་གཏོགས་འགོ་ཁྲིད་ལྔ་བརྗེ་བོ་བརྒྱབ་ཀྱི་ཡོད་ན། ལྔའི་ནང་ནས་གསར་པ་སུ་དང་སུ་ཕེབས་རྒྱུ་རེད། ཕེབས་པ་གཞིར་བཟུང་ཞི་ཅིང་ཕིང་དབང་ཆ་མང་ཤོས་སམ་མཐོ་ཤོས་ཡོང་གི་རེད་དམ་མ་རེད། ཁོང་ལ་ཕྱོགས་བྱེད་མཁན་ཕེབས་རྒྱུ་རེད་དམ་མ་རེད། སྲིད་འཛིན་ཞི་ཅིང་ཕིང་གི་ལས་ཡུན་གཉིས་པར་བོད་དོན་དང་འབྲེལ་བའི་ཐོག་ནས་བོད་རྒྱ་འབྲེལ་མོལ་བསྐྱར་དུ་མཐུད་རྒྱུ་ཡོང་གི་རེད་དམ་མ་རེད། དེ་དག་གནད་འགག་ཏོག་ཙམ་ཡོད་པའི་ཆབ་སྲིད་ཀྱི་འགྱུར་ལྡོག་གམ་འགྱུར་བ་ཞིག་ཐེབས་ཀྱི་ཡོད་པའི་བཟོ་འདྲ་འདུག
ཐེ་ཝན་ལྟ་བུར་མཚོན་ན། ཐེ་ཝན་གྱི་སྲིད་འཛིན་གསར་པ་ཚའི་ཨིང་ཝིན་མཆོག་ཕྱི་ཟླ་ ༥ ནང་དམ་འབུལ་གནང་རྒྱུ་རེད། དེ་ཡང་འགྱུར་བ་ཞིག་རེད། ཕྱི་ལོ་ ༢༠༡༧ ལོར་ཧོང་ཀོང་ནང་ལའང་ཆབ་སྲིད་འཁྲུག་པོ་ཞིག་ཆགས་ཀྱི་རེད་བསམས་ཀྱི་འདུག དེ་དག་ཚང་མའི་ཐོག་ནས་བོད་པར་གོ་སྐབས་ཡོང་རྒྱུ་རེད་དམ། རྒྱ་ནག་གཞུང་གི་འགོ་ཁྲིད་ནང་ཁུལ་སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་ནས་བསྐྱར་ཞིབ་བྱེད་དགོས་མིན་ཐད་བགྲོ་གླེང་ཞིག་ཡོང་གི་རེད་དམ་མ་རེད། དེ་དག་ཚང་མར་ང་ཚོས་དོ་སྣང་གནང་དགོས་རྒྱུ་ཞིག་རེད་འདུག དེ་བཞིན་རྒྱ་ནག་གཞུང་ནས་མེ་འཁོར་ལྕགས་ལམ་བལ་ཡུལ་དང་རྒྱ་གར་གྱི་ས་མཚམས་བར་འཁྲིད་རྒྱུ་ཡིན་ཟེར་བཞིན་ཡོད། ཆུ་རགས་མཚོན་ན་དེང་སྐབས་མང་དུ་རྒྱག་བཞིན་ཡོད་སྟབས་རྒྱ་གར་གྱིས་གཙོས་ཁྱིམ་མཚེས་རྒྱལ་ཁབ་ནང་བདེ་འཇགས་སྲུང་སྐྱོབ་ཐོག་འགྱུར་བ་འགྲོ་གི་རེད་ཅེས་གཞུང་འབྲེལ་ཐོག་ནས་བསམ་ཚུལ་འདོན་མཁན་ཡོང་བཞིན་ཡོད།
དེ་དག་གི་ཐོག་ཐུགས་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ད་བར་རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་མུས་ཡིན་པར་བརྟེན། བོད་མིའི་སྒྲིག་འཛུགས་དང་བོད་མི་ཕོན་ཆེ་རྒྱ་གར་ནང་གནས་ཐུབ་བཞིན་ཡོད། ཉེ་ཆར་འགྱུར་བ་ཆེན་པོ་ཞིག་འགྲོ་གི་ཡོད་སྐོར་ངོས་ལ་མཁས་དབང་གཅིག་གིས་གསུངས་བྱུང་། ཕལ་ཆེར་དེ་བདེན་པ་ཡིན་ངེས་རེད། ཕྱི་ལོ་ ༢༠༡༦།༡༧ ལོར་རྒྱ་དཀར་ནག་གཉིས་དང་འབྲེལ་བའི་སྐོར་དེབ་ལྔ་དྲུག་ཙམ་དང་རྩོམ་གཏིང་ཟབ་དེ་འདྲ་འཐོན་རྒྱུ་རེད་འདུག དེབ་དེ་དག་གི་ནང་དེ་སྔ་དང་མི་འདྲ་བར་བོད་དོན་སྐོར་ལིའུ་གཅིག་ཙམ་ཡོང་གི་རེད་ཅེས་གསུངས་སྐབས། རྒྱ་གར་ནང་བོད་དོན་སྐོར་གླེང་སློང་བྱུང་བའི་མཁས་དབང་དང་དམིགས་བསལ་བདེ་འཇགས་སྲུང་སྐྱོབ་ཐོག་དོ་སྣང་གནང་མཁན་ཚོས་དེབ་འདི་འདྲ་ཞིག་བཏོན་གྱི་ཡོད་པའི་གནས་ཚུལ་འདི་འགྱུར་བ་ཕྲན་བུ་ཞིག་རེད་འདུག
ཉེ་ཆར་རྒྱ་ནག་གཞུང་གི་ངོས་ནས་སྐུའི་ཡང་སྲིད་སྐོར་གླེང་སློང་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། བཀའ་ཤག་གིས་དེ་གལ་ཆེ་དོན་ཆེར་རྩིས་ཏེ་གསུམ་བཅུའི་དུས་དྲན་གྱི་བཀའ་ཤག་གི་གསུང་འཕྲིན་ནང་ལའང་༸གོང་ས་མཆོག་གི་ཡང་སྲིད་སྐོར་རྒྱས་ཤིང་རྒྱས་པ་བཀོད་ཡོད། གཙོ་ཆེ་ཤོས་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༩ ནང་དགའ་ལྡན་ཕོ་བྲང་ནས་གསར་འགོད་གསལ་བསྒྲགས་སམ་ཡིག་ཆ་པར་སྐྲུན་གནང་སྟེ་འགྲེམས་སྤེལ་གནང་བ་དེར་ཚང་མས་ཐུགས་སྣང་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེའི་ནང་གི་སྙིང་དོན་དེ་ཐེངས་འདིའི་བཀའ་ཤག་གི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ནང་བཀོད་ཡོད། དེའི་ཐོག་རྒྱ་ནག་གཞུང་ནས་ལོ་རྒྱུས་དང་མ་འཚམས་པའི་ཧམ་བཤད་བྱས་ཏེ་སྐུའི་ཡང་སྲིད་སྐོར་ཐད་བྱུས་བྱ་རྒྱུའི་ཐད་འབད་བརྩོན་དང་ཡོངས་གྲགས་བཤད་ཀྱི་ཡོད། ལོ་རྒྱུས་ཐོག་ནས་བདེན་པ་མིན་པ་དེ་ཤུགས་ཆེ་ཙམ་གསུང་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད།
ཕྱི་ལོ་ ༢༠༠༩ ལོ་ནས་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་བྱུང་བ་རེད། བོད་ནང་གི་གནས་སྟངས་མུ་མཐུད་ཛ་དྲག་ཆགས་ཡོད་པ་དང་། བོད་བཙན་བཟུང་འོག་གནས་ཡོད། དོན་གྱི་བདག་པོ་བོད་རིགས་གཅིག་པའི་སྤུན་ཟླ་ཚོ་གདུག་རྩུབ་དང་མནར་སྤྱོད་འོག་དཀའ་སྡུག་མྱངས་དང་མྱོང་བཞིན་པའི་གནས་སྟངས་མུ་མཐུད་གནས་ཡོད་ཀྱང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་མང་པོ་ཞིག་གིས་ཚོས་སོ་སོའི་གཅེས་པའི་ལུས་སྲོག་ལོངས་སྤྱོད་བློས་གཏོང་གིས་ད་བར་ལོ་ ༦༠ རིང་བོད་ཀྱི་རྩ་དོན་དང་བོད་མི་ནང་ཁུལ་རྡོག་རྩ་ཆིག་སྒྲིལ་ཡོང་ཆེད་རྩོད་བཞིན་ཡོད།
རྒྱ་ནག་གཞུང་གི་ངོས་ནས་སྔོན་མ་ཡིན་ན་ལྷ་ས་དང་བོད་རང་སྐྱོང་ལྗོངས་ཁུལ་དུ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། འོན་ཀྱང་ཉེ་ཆར་དེ་སྔ་དང་མི་འདྲ་བར་བོད་རང་སྐྱོང་ལྗོངས་ཕྱི་རུ་ཡང་སྐུ་མདུན་སྐུ་པར་སྒྲིག་གཤོམ་བྱེད་རྒྱུར་དམ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། སྤྱི་ཡོངས་ཀྱི་བོད་ནང་དམ་བསྒྲགས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད། འདི་ལྟ་བུའི་གནས་སྟངས་འོག་དོན་གྱི་བདག་པོ་བོད་ནང་གི་བོད་མི་རྣམས་ཀྱིས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་མི་ཉམས་གོང་སྤེལ་དང་། དེ་བཞིན་ཤེས་ཡོན་ཡར་རྒྱས་གཏོང་ཆེད་འབད་བརྩོན་ཧ་ལས་པ་གནང་བཞིན་ཡོད། ཆབ་སྲིད་དང་འབྲེལ་བའི་ཐོག་བོད་ནང་གི་བོད་མི་ཚོས་སོ་སོའི་སྲོག་ལ་ཐུག་ཀྱང་མུ་མཐུད་འཐབ་རྩོད་གནང་བཞིན་ཡོད། བྱེས་བཞུགས་བོད་མི་ཚོས་བོད་ནང་གི་བོད་མི་ཚོའི་མགྲིན་ཚབ་པ་བྱས་ཏེ་དུས་རྟག་ཏུ་ཁོང་རྣམ་པས་སྐུ་ལས་སྐྱོན་པ་རྣམས་མ་བརྗེད་པར་ཁོང་རྣམ་པའི་མངོན་འདོད་བསྒྲུབ་ཆེད་སྔར་ལྷག་འབད་བརྩོན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་ཞུ་རྒྱུ་ཡིན། ཞེས་གསུངས་རྗེས་ལྷན་ཁང་སོ་སོ་དང་འབྲེལ་བའི་ལས་དོན་གནང་ཕྱོགས་དང་གྲུབ་འབྲས་ཇི་བྱུང་སྐོར་སོགས་སྙན་སེང་ཞུས་ཡོད་པ་བཅས།།