༢༠༡༦ ཟླ་ ༢ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༥ ནས་ ༡༧ བར་ཉིན་གསུམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་ཨ་ལ་བྷ་མ་ (Alabama) མངའ་སྡེའི་གྲོང་ཁྱེར་སྦར་མིང་ཧམ་དུ་རྟེན་གཞི་བྱས་པའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་གོ་སྒྲིག་གནང་ཐོག་ཕྱི་འབྲེལ་ལས་དོན་ཚོགས་མིར་བོད་དོན་དང་འབྲེལ་བའི་གསུང་བཤད་དང་། དེ་བཞིན་སློབ་ཕྲུག་དང་གནད་ཡོད་མི་སྣ་ཁག་གཅིག་དང་ཐུག་འཕྲད་གནང་འདུག དེ་ཡང་སྲིད་སྐྱོང་མཆོག་གིས་ཐོག་མར་གྲོང་ཁྱེར་དེའི་སྤྱི་ཁྱབ་པ་སྐུ་ཞབས་ཝིལ་ཡེམ་སྦེལ་Mayor Mr William A Bell Sr. མཆོག་དང་མཇལ་འཕྲད་ཀྱིས་གོང་བརྗོད་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན། ངོས་རང་དེ་རིང་འདིར་བཅར་དགོས་པའི་རྒྱུ་མཚན་གཅིག་ནི། ས་གནས་འདིར་དེ་སྔ་མི་རིགས་ནག་པོས་སྤྱི་དམངས་ཐོབ་ཐང་ཆེད་འཐབ་རྩོད་བྱས་པ་དེ་ལས་སྙིང་སྟོབས་བླང་རྒྱུ་དང་། གཉིས་པ་ནི་གྲོང་ཁྱེར་འདིར་མཚོན་དོན་ཁྱད་པར་ཅན་ཞིག་ཡོད་པར་ངོས་འཛིན་དང་ཆེ་མཐོང་ཞུ་ཆེད་བཅར་བ་ཡིན།
ས་གནས་འདི་གཙོ་བོར་གྱུར་བའི་ཨ་རིའི་ནང་དུ་མི་རིགས་ནག་པོས་སྤྱི་དམངས་ཐོབ་ཐང་གི་ལས་འགུལ་སྤེལ་མཁན་དབུ་ཁྲིད་རྣམས་ལ་ངོས་ཀྱིས་གུས་འདུད་ཞུ་རྒྱུ་དང་། ལྷག་པར་ཁོང་རྣམ་པས་ལས་འགུལ་དེ་དག་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་ལས་འགུལ་མཇུག་སྐྱོང་གནང་བ་དེར་ཡི་རང་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ལས་འགུལ་འདི་ལམ་ལྷོང་ལྡན་པ་ཞིག་བྱུང་སྟབས། དེས་ཤུགས་རྐྱེན་འོག་ལྷོ་ཨ་ཕི་རི་ཀའི་ནང་དུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལ་ཕམ་ཉེས་གཏོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང་ཡོད། འཚེ་མེད་ཞི་བའི་ལས་འགུལ་དེ་ལྟ་བུས་ང་ཚོ་བོད་མི་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་ལ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་གདོང་ལེན་བྱེད་དགོས་པའི་སེམས་འགུལ་དང་སྙིང་སྟོབས་སྤེལ་བཞིན་འདུག སྐུ་ཞབས་མར་ཊིན་ལུ་མཐར་ཀིང་ Dr Martin Luther King མཆོག་གིས་ང་ལ་རྨི་ལམ་ཞིག་ཡོད། ཅེས་པའི་སྙན་གྲགས་ཆེ་བའི་གསུང་གི་དུམ་བུ་དེ་སྲིད་སྐྱོང་མཆོག་གིས་ལུང་འདྲེན་གནང་བ་དང་སྦྲགས། ཕྱི་ལོ་ ༡༩༦༠ སྐབས་སྐུ་ཞབས་མར་ཊིན་ལུ་ཐར་ཀིང་མཆོག་གིས་དབུ་ཁྲིད་པའི་འཐབ་རྩོད་ཀྱི་རྒྱུད་རིམ་དྲན་གསོ་གནང་སྟེ།
ཨ་མི་རི་ཀའི་མི་རིགས་ནག་པོ་ཚོར་མཐར་རྒྱལ་ཁ་ཐོབ་པ་ལྟར། བོད་མི་ཚོས་ཀྱང་བོད་ཀྱི་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་རྗེའི་ལམ་སྟོན་དང་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་རྣམ་པས་སྣེ་ཁྲིད་འོག་རི་ལུང་མང་པོ་བརྒྱབ་ནས་ཉིན་གཅིག་བདེན་པའི་མཐའ་གསལ་རྒྱུ་མ་ཟད། དུས་རབས་ ༢༡ ཁྲོད་འཐབ་རྩོད་ཀྱི་ལོ་རྒྱུས་གྲགས་ཆེ་ཤོས་ཤིག་ཆགས་རྒྱུའི་རེ་བ་དང་ཡིད་ཆེས་ཆེན་པོ་ཡོད་སྐོར་གསུངས་པ་དང་སྦྲགས། ཚོགས་བཅར་བ་ཚོས་བོད་དོན་ལ་དོ་སྣང་ཆེན་པོས་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱབ་སྐྱོར་གྱི་རྣམ་པ་ཕྲན་བུ་ཞིག་བསྟན་ཡང་གཞིས་ལུས་བོད་མི་རྣམས་ལ་རེ་བའི་བརྡ་ལན་ཤུགས་ཆེན་པོ་ཞིག་འགྲོ་བཞིན་ཡོད་པ་དང་། བོད་མི་དེ་དག་བོད་ནང་དུ་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་དཔལ་འབྱོར་ཟུར་འབུད་དང་མི་རིགས་དབྱེ་འབྱེད། རིག་གཞུང་དང་ཁོར་ཡུག་གཏོར་བཤིག ཆབ་སྲིད་དམ་བསྒྲགས་བཅས་ཀྱི་སྲིད་བྱུས་འོག་དཀའ་སྡུག་ཧ་ཅང་མྱོང་བཞིན་ཡོད། ཅེས་གསུངས་པ་མ་ཟད།
ས་བབ་ཀྱི་ཆ་ནས་མཐོ་སྒང་བོད་དེ་གལ་གནད་ཆེ་ཚུལ་སྐོར་སྲིད་སྐྱོང་མཆོག་གིས་གསུང་དོན། འཛམ་གླིང་ནང་གི་མི་འབོར་ཆེ་ཤོས་ཡོད་སའི་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་བར་གནས་སུ་བོད་དེ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གནས་ཡོད་པར་བརྟེན། སྟོབས་ཆེན་རྒྱལ་ཁབ་གཉིས་གདོང་ཐུག་མི་ཡོང་རྒྱུར་བར་ཞུགས་ལྟ་བུའི་ཕན་ཐོགས་བྱུང་ཡོད་ཀྱང་། ད་ཆ་བོད་དེ་རྒྱ་མིས་བཙན་བཟུང་བྱས་སྟབས་གནས་སྟངས་དེར་འགྱུར་བ་ཕྱིན་ཡོད། རྒྱུ་མཚན་དེར་བརྟེན་མཐར་རྒྱ་དཀར་ནག་གཉིས་ཕན་ཚུན་གདོང་ཐུག་བྱུང་ནས་ས་མཚམས་ཀྱི་རྩོད་གླེང་བྱུང་དང་འབྱུང་བཞིན་པའི་གནས་སྟངས་འདི་ཆགས་པ་རེད།
ཁོར་ཡུག་ཐོག་ནས་བརྗོད་ནའང་མཐོ་སྒང་བོད་འདི་འཛམ་གླིང་ཐོག་གལ་གནད་ཧ་ཅང་ཆེན་པོ་ཆགས་ཡོད་པ་ནི་དཔེར་ན། འཐུང་ཆུའི་འཁྱགས་རོམ་གྱི་བང་མཛོད་ཆེ་ཤོས་དེ་མཐོ་སྒང་བོད་ལ་ཡོད་པར་བརྟེན། གླིང་ཆེན་ཨེ་ཤི་ཡའི་ནང་རྒྱུག་བཞིན་པའི་ཆུ་བོ་ཆེན་པོ་དེ་དག་གི་འབྱུང་ཁུངས་དང་། ལྷག་པར་འཛམ་གླིང་ལྷོ་བྱང་གི་སྣེ་མོ་གཉིས་ཕུད་པའི་འཁྱགས་རོམ་གྱི་གནས་གཞི་གསུམ་པ་དེ་བོད་མཐོ་སྒང་ཆགས་ཡོད། འཁྱགས་རོམ་གྱི་མཛོད་ལྟ་བུ་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་པོ་གོ་ལའི་ཚ་དྲོད་སོགས་ལ་བརྟེན་ནས་རིམ་པས་བཞུས་ཏེ་མཐར་རྒྱ་མཚོའི་ནང་རྒྱུག་བཞིན་ཡོད་ཀྱང་། བོད་མཐོ་སྒང་གི་འཁྱགས་རོམ་དེ་དག་བཞུས་ནས་མཐར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་སོགས་ཀྱི་ནང་མིའི་ཉིན་རེའི་འཚོ་བའི་རྟེན་གཞིར་གྱུར་བཞིན་ཡོད་སྟབས། མི་འབོར་ས་ཡ་མང་པོའི་འཚོ་གནས་དང་འབྲེལ་བ་ཡོད། དེར་བརྟེན་འབྱུང་འགྱུར་འཐུང་ཆུ་སོགས་འདང་མིན་ཐད་འཁྲུག་རྩོད་ཡོང་སྲིད་པའི་གནས་སྟངས་ཆགས་ཡོད། ཉེ་བའི་ལོ་རབས་འགའ་ཤས་ནང་མཐོ་སྒང་བོད་དང་ཧི་མཱ་ལ་ཡའི་འཁྱགས་རོམ་གྱི་བརྒྱ་ཆ་ ༥༠ ཙམ་བཞུས་ཟིན་པ་དང་། ཕྱི་ལོ་ ༢༠༥༠ ནང་མཐོ་སྒང་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་ ༥༠ བཞུ་རྒྱུ་ཡིན་པའི་ཨ་རིའི་ན་ས་ NASA ཞེས་པའི་བསྟི་གནས་ཁང་གིས་དེ་ལྟར་ཚོད་དཔག་བྱས་ཡོད། རྒྱུ་མཚན་དེར་བརྟེན་འཐུང་ཆུ་གཙང་མ་ཞིག་ཐོབ་རྒྱུར་དཀའ་རྙོག་འཕྲད་སྲིད་པ་ཞིག་ཏུ་གྱུར་ཡོད།
བོད་དོན་བདེན་མཐའ་གསལ་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་བཞེངས་ཕྱོགས་སྐོར་སྲིད་སྐྱོང་མཆོག་གིས་འགྲེལ་བརྗོད་གནང་དོན། སྲིད་བྱུས་འདི་ནི་བོད་དོན་བདེན་མཐའ་གསལ་ཆེད་དངོས་ཡོད་དང་མཐུན་པའི་ཐབས་ལམ་ཞིག་ཡིན། སྲིད་བྱུས་འདི་ནི་རང་རྒྱལ་གཞན་ཕམ་ལས་ལྡོག་ཏེ་ཁ་ཞེ་གཉིས་མེད་ཀྱིས་བོད་རྒྱ་མི་རིགས་གཉིས་ཕན་གྱི་སྲིད་བྱུས་ཤིག་ཡིན། སྲིད་བྱུས་འདི་བརྒྱུད་བོད་རྒྱ་གཉིས་ཕན་ཚུན་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་དགོས་པ་དེ་རེད། དེར་བརྟེན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ནི་འཚེ་མེད་ཞི་བའི་ཐོག་ནས་རྩ་དོན་རྩོད་རྒྱུའི་སྲིད་བྱུས་ཤིག་ཡིན། ཞེས་དང་།
ཐེངས་འདིརསྲིད་སྐྱོང་མཆོག་སྦར་མིང་ཧམ་དུ་སྤྱི་དམངས་ཐོབ་ཐང་བསྟི་གནས་ཁང་གིས་གཙོས་ཁུལ་དེའི་འགྲེམས་སྟོན་ཁང་དང་། དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གཅིག་དང་ལྷན་མཇལ་འཕྲད་ཀྱང་གནང་འདུག ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་ཨ་ལ་བྷ་མ་མངའ་སྡེའི་གཙུག་ལག་སློབ་ཁང་དུ་ཁྲིམས་ཐོག་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་ཁག་གཅིག་ལ་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྐོར་དང་། ལྷག་པར་བོད་ནང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་སློབ་ཕྲུག་རྣམས་ཀྱི་དྲི་བར་ལན་འདེབས་བཅས་ཀྱི་འཛིན་གྲྭ་ཞིག་ཀྱང་ཚོགས་འདུག
སྲིད་སྐྱོང་མཆོག་གྲོང་ཁྱེར་དེའི་ཁུལ་དུ་ལས་རིམ་མཇུག་མ་སྒྲིལ་གོང་གཞུང་འབྲེལ་མིན་པའི་ཚོགས་པ་ Lakshore Foundation ཞེས་དབང་པོ་སྐྱོན་ཅན་རྣམས་ཀྱི་ཆེད་དུ་ཆེད་འཛུགས་གནང་བའི་ཚོགས་པ་དེའི་ངེས་སྟོན་པ་མཇལ་འཕྲད་དང་སྦྲགས། སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལའང་དེ་མཚུངས་དབང་པོ་སྐྱོན་ཅན་རིགས་ཡོད་སྐོར་འགྲེལ་བརྗོད་དང་། མ་འོངས་པར་ཕན་ཚུན་གཉིས་དབར་མཐུན་འགྱུར་རོགས་རམ་ཡོང་ཐབས་བྱ་རྒྱུ་ཡིན་སྐོར་སོགས་ཀྱི་གྲོས་བསྡུར་ཡང་གནང་འདུག་པ་བཅས། །