༢༠༡༦ ཟླ་ ༢ ཚེས་ ༡༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་རང་དབང་ཚོམས་ཆེན་ Freedom House ཁང་དུ་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་དེར་བོད་མི་ཚོས་ཞི་བའི་ངང་ནས་གདོང་ལེན་ཇི་ལྟར་བྱེད་བཞིན་པའི་སྐོར་གསུང་བཤད་གནང་འདུག སྐབས་དེར་ཁོང་གིས་དེང་སྐབས་བོད་ནང་དུ་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བར་བརྟེན་གནས་སྟངས་ཧ་ཅང་ཛ་དྲག་པོ་ཆགས་བཞིན་ཡོད་སྐོར་གསུང་དོན། བོད་བཙན་བཟུང་འོག་གནས་ཡོད། དེར་བརྟེན་བོད་མི་རྣམས་རྒྱ་ནག་གཞུང་གི་སྲིད་བྱུས་འོག་དཔལ་འབྱོར་ཟུར་འབུད་དང་། མི་རིགས་དབྱེ་འབྱེད། ཆབ་སྲིད་དམ་བསྒྲགས། ཁོར་ཡུག་དང་རིག་གཞུང་གཏོར་བཤིག་སོགས་དཀའ་ངལ་ཧ་ཅང་མྱོང་བཞིན་ཡོད་པ་མ་ཟད། ཡར་རྒྱས་དང་འཛུགས་སྐྲུན་ལ་ཁག་དཀྲི་བྱས་ནས་བོད་ཀྱི་གྲོང་གསེབ་ཁག་གཅིག་ནང་རྒྱ་རིགས་ཧ་ཅང་མང་པོ་སྤོ་བཤུད་བྱེད་བཞིན་ཡོད། རྒྱ་རིགས་ཕོན་ཆེ་བོད་ནང་གནས་སྤོ་བྱས་པར་བརྟེན་ས་གནས་བོད་རིགས་དང་རང་བྱུང་ཐོན་སྐྱེད་གཉིས་ཀར་དོ་ཕོག་ཤུགས་ཆེ་འགྲོ་བཞིན་ཡོད་པ་ནི། དེང་སྐབས་བོད་ནང་ཚོང་ཁེའི་ལས་དོན་ཐོག་བརྒྱ་ཆ་ ༧༥ རྒྱ་རིགས་ཚོང་པ་ཚོས་གཉེར་བཞིན་ཡོད་པ་དང་། ཚོང་རིགས་དེ་དག་ནང་མི་ཆའི་དགོས་མཁོ་ཡོད་པ་དེ་དག་ཀྱང་རྒྱ་ནག་ནས་རྒྱ་རིགས་ཆེད་དུ་གླ་བཞིན་ཡོད་སྟབས་བོད་མི་རྣམས་རང་གི་ལུང་པའི་ནང་གྲངས་ཉུང་མི་རིགས་ཆགས་བཞིན་ཡོད། ཅེས་སོགས་གསུངས་པ་མ་ཟད། དེང་སྐབས་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་ངོས་འཛིན་ལག་འཁྱེར་ཡིན་ཟེར་བ་ཞིག་སྤྲད་ནས་ལག་འཁྱེར་དེ་དག་བརྒྱུད་དེང་དུས་འཕྲུལ་ཆས་ཀྱི་ལམ་ནས་བོད་མི་ཚོའི་མིག་དང་མཛུབ་ཐེལ་སོགས་པར་ལེན་བྱས་ཟིན་སྟབས་བོད་མི་དེ་དག་གི་ལོ་རྒྱུས་དང་ས་གནས་གང་དུ་འགྲོ་འདུག་བྱེད་བཞིན་ཡོད་པ་ལས་སླ་པོར་ཤེས་པ་བྱས་ནས་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད་སྐོར་དང་།
ཕྱོགས་མཚུངས་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་ཉེ་ལམ་བར་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཙམ་ལས་གཞན་བོད་མི་གནས་སྡོད་ཀྱི་ས་ཁུལ་གཞན་ལ་༸གོང་ས་མཆོག་གི་སྐུ་པར་ལ་དམ་བསྒྲགས་དེ་ཙམ་མེད་ཀྱང་། ཉེ་ལམ་ནས་བཟུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཙམ་མ་ཟད། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ལ་ཡོད་པའི་བོད་ཀྱི་ས་ཁུལ་ཁག་ནང་དུའང་༸གོང་ས་མཆོག་གི་སྐུ་པར་ཉར་བ་དང་སྒྲིག་གཤོམ་མི་ཆོག་པའི་བཙན་བཀའ་བཏང་ཡོད། དེ་ནི་རྒྱ་ནག་གཞུང་གིས་བོད་མི་ཚོས་༸གོང་ས་མཆོག་ལ་འགྱུར་བ་མེད་པའི་དད་པ་དང་གུས་བརྩི་ཞུ་རྒྱུའི་བོད་མིའི་འདུ་ཤེས་ལ་རྩིས་མེད་རྡོག་རོལ་བཏང་བ་ཞིག་ཡིན། ཞེས་སོགས་དང་། གཞན་ཡང་སྐབས་དེར་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གསུང་དོན། དབུ་མའི་ལམ་གྱི་སྲིད་བྱུས་ནི་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་ཡིན་པ་དང་། སྲིད་བྱུས་འདིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་རྩོད་ལེན་ཆེད་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་ཡོད། སྲིད་བྱུས་འདིས་བོད་འདི་རྒྱ་ནག་ནས་ཁ་བྲལ་ཏེ་རང་བཙན་རྩོད་རྒྱུའི་མཐའ་དང་། ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་དུ་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་ངོས་ལེན་བྱ་རྒྱུའི་མཐའ་གཉིས་སྤངས་ནས་བོད་རྒྱ་མི་རིགས་གཉིས་སྨན་གྱི་སྲིད་བྱུས་ཤིག་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་སྐྱོང་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། དེ་སྔ་སྲིད་སྐྱོང་མཆོག་ཨ་རིའི་ཧར་ཝ་ཌི་གཙུག་ལག་སློབ་གྲྭར་སློབ་གཉེར་གནང་སྐབས་བོད་རྒྱ་མི་རིགས་གཉིས་གྲོས་མོལ་གྱི་ཚོགས་འདུ་མང་པོ་གོ་སྒྲིག་གནང་མྱོང་ཡོད་སྐོར་དང་། དེང་སྐབས་རྒྱ་རིགས་སྤྱི་དང་ལྷག་པར་རྒྱ་རིགས་ཤེས་ཡོན་མི་སྣ་དང་གཞོན་སྐྱེས་ཁྲོད་བོད་དོན་ཐོག་དོ་སྣང་གནང་མཁན་ཇེ་མང་དུ་འགྲོ་བཞིན་འདུག ཅེས་སོགས་ཀྱི་གསུང་བཤད་གནང་། ལྷན་ཚོགས་སྐབས་གསར་འགོད་པ་དང་སྤྱི་ཚོགས་ཞབས་ཞུ་བ། ཉམས་ཞིབ་པ། དེ་བཞིན་འགྲོ་བ་མིའི་རང་དབང་དང་ཐོབ་ཐང་རྩོད་ལེན་པ་སོགས་ཕེབས་འདུག །