༢༠༡༦ ཟླ་ ༢ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་ལྷོ་ཕྱོགས་གྲོང་ཁྱེར་ཐེ་ནན་དུ་ས་ཡོམ་གྱི་གོད་ཆག་བྱུང་བར་ངལ་སེལ་རོགས་དངུལ་ཨ་སྒོར་ཁྲི་ལྔ་གསོལ་རས་སྩལ་འདུག དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་ཐེ་ནན་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ལའེ་ཆིང་དྷ་ལགས་མཇལ་འཕྲད་གནང་སྟེ་ངལ་སེལ་རོགས་དངུལ་དེ་ཕུལ་ཡོད། གནས་ཚུལ་འདིའི་སྐོར་ས་གནས་ཀྱི་བརྒྱུད་ལམ་ཞིག་གི་ནང་ལའང་གསར་འགྱུར་ཐོན་ཡོད་འདུག ཟླ་བ་འདིའི་ཚེས་ ༧ ཉིན་ཐེ་ནན་དུ་ས་ཡོམ་ཤུགས་ཚད་ ༦།༤ ཅན་ཞིག་བརྒྱབ་ནས་མི་གྲངས་བརྒྱ་ལྷག་འདས་གྲོངས་སུ་ཕྱིན་ཡོད་པ་དང༌། དེ་བཞིན་ས་ཁང་སོགས་རྒྱུ་ནོར་ལ་གནོད་འཚེ་ཚབས་ཆེན་ཕོགས་ཡོད། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་གོད་ཆག་ཕོག་པའི་ཐེ་ཝན་མི་མང་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་ཀྱང་སྩལ་ཡོད་པ་བཅས།།