༢༠༡༦ ཟླ་ ༢ ཚེས་ ༢༤ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༠ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པས་གོ་སྒྲིག་འོག་རྒྱ་གར་བྱང་ཕྱོགས་ཨུཏྟར་པྲ་དེ་ཤིའི་གྲོང་ཁྱེར་ཅིཏྲ་ཀོ་ཊི་ Chitrakoot ནང་ས་གནས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་འདུག
སྐབས་དེར་གྲོང་ཁྱེར་ཅིཏྲ་ཀོ་ཊི་ Chitrakoot ཏུ་རྟེན་གཞི་བྱས་པའི་མེས་པོ་དམ་པ་གཱན་དི་རྗེས་དྲན་མཐོ་སློབ་ཁང་དུ་སློབ་གཉེར་བྱེད་བཞིན་པའི་ལོ་རིམ་མཐའ་མའི་སློབ་མ་ཁག་གཅིག་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་བཅས་ཁྱོན་མི་གྲངས་བརྒྱ་ཙམ་ལྷན་ཚོགས་སུ་ཕེབས་འདུག
དེ་ཡང་ལྷན་ཚོགས་སྐབས་ཨུ་ཏྟར་པྲ་དེ་ཤི་མངའ་སྡེའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འགན་འཛིན་སྐུ་ཞབས་སུན་དར་ལལ་སུ་མཎ་ Sunderlal Suman ལགས་ཀྱིས་ཨུ་ཏྟར་པྲ་དེ་ཤི་མངའ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་ཚོས་མངའ་ཁུལ་གྱི་ས་གནས་ཆེ་ཁག་ནང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་མུ་མཐུད་སྤེལ་ཐུབ་པ་དེ་ནི་ཁུལ་དེའི་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གྱི་གནད་ཡོད་མི་སྣ་ཆེ་ཁག་དང་། མི་རབས་རྒན་པ་ཚོས་ཧུར་ཐག་གནང་བར་བརྟེན་ནས་བྱུང་བ་ཞིག་ཡིན། ཞེས་དང་། དེ་བཞིན་ཨུཏྟར་པྲ་དེ་ཤི་ཧིན་བོད་མཛའ་འབྲེལ་ཚོགས་པས་ལོ་རབས་མང་པོའི་གོང་ནས་བཟུང་བོད་དོན་གྱི་འཐབ་རྩོད་དེ་བཞིན་ཞི་བའི་ལམ་ནས་གསལ་ཐབས་ཆེད་འབད་བརྩོན་སྒོ་གང་ས་ནས་བྱས་དང་བྱེད་མུས་ཡིན་སྐོར་དང་། འབྱུང་འགྱུར་ཡང་མངའ་སྡེ་དེ་གའི་ནང་བོད་དོན་དང་འབྲེལ་བའི་ལས་འགུལ་གང་མང་སྤེལ་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྐུ་མགྲོན་གཙོ་བོ་ར་ཇི་སི་ཐན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་གཞུང་གི་མཐོ་སློབ་ཀྱི་སློབ་དཔོན་ཆེན་པོ་སྐུ་ཞབས་ཤྱཱམ་ནཐ་མིཤྲ་ Shyamnath Mishra ལགས་ཀྱིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐད་བོད་དེ་ཇི་ཙམ་གྱི་གལ་འགངས་ཆེ་སྐོར་གྱི་གསུང་བཤད་གནང་བའི་ནང་། བོད་ནང་རྒྱ་ནག་གཞུང་གིས་དབང་བསྒྱུར་བྱས་པ་ནས་བཟུང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཐོག་གླེང་གཞི་ཆགས་པ་དེ་སྔོན་རྩ་བ་ཉིད་ནས་གོ་མྱོང་མེད། ཅེས་དང་།
ཡང་ཁོང་གིས་བོད་ཀྱི་གནད་དོན་ནི་རྒྱ་གར་རྒྱལ་ནང་གི་བརྟན་ལྷིང་དང་བདེ་འཇགས། ས་མཚམས་གོང་བུ་ཆིག་སྒྲིལ་གྱི་གནད་དོན་ཞིག་ཡིན་སྟབས། བོད་ནང་རང་དབང་སླར་གསོ་ཡོང་ཆེད་རྒྱ་གར་གཞུང་མང་གཉིས་ནས་རྒྱབ་སྐྱོར་མུ་མཐུད་གནང་དགོས་སྐོར་དང་། དེང་སྐབས་བོད་ནང་བོད་མི་ཚོས་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་དང་། ཆོས་དད་རང་དབང་གི་ཆེད་དུ་བོད་མི་བརྒྱ་དང་བཞི་བཅུ་ཞེ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད་པ་སོགས་ཀྱི་ཛ་དྲག་གནས་སྟངས་སྐོར་འགྲེལ་བརྗོད་དང་འབོད་སྐུལ་ཡང་གནང་འདུག
དེ་བཞིན་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་འཚོ་བཞུགས་རིང་འགྲོ་བ་མིའི་བཟང་སྤྱོད་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུས་གཙོས་མགོན་པོ་གང་ཉིད་མཆོག་གི་སྐུའི་མཛད་ཁུར་གཙོ་བོ་གསུམ་དང་། ༸གོང་ས་མཆོག་གིས་ད་བར་འཛམ་གླིང་ཧྲིལ་པོར་ཞི་བདེ་དང་བྱམས་བརྩེ་གོང་མཐོར་གཏོང་གནང་མཛད་རྒྱུའི་རླབས་ཆེན་གྱི་མཛད་རྗེས་ལ་ཡིད་རང་བསྔགས་བརྗོད་དང་ངོས་འཛིན་ཞུ་སླད་རྒྱ་གར་གཞུང་གིས་ངོས་ནས་མགོན་པོ་གང་ཉིད་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་དང་བསྟུན་གང་ཉིད་མཆོག་ལ་རྒྱ་གར་གྱི་རིན་པོ་ཆེའམ་བྷཱ་ར་ཐི་རཏྣ་ Bharat Ratna འམ་ཡང་ན་གཱན་དིའི་ཞི་བའི་གཟེངས་རྟགས་ Gandhi Peace Prize ཞེས་པའི་གཟེངས་རྟགས་འབུལ་དགོས་པ་དང་། དེ་བཞིན་གང་ཉིད་མཆོག་རྒྱ་གར་གྲོས་ཚོགས་ནང་གདན་ཞུས་དགོས་པའི་རེ་སྐུལ་ནན་པོ་གནང་འདུག
ཕྱོགས་མཚུངས་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་འགོ་ཚུགས་སྟངས་ཀྱི་རྒྱུད་རིམ་དང་རྒྱབ་ལྗོངས། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ལས་འགུལ་ཇི་ཙམ་སྤེལ་བ་སོགས་ཀྱི་སྐོར་དང་། ཉེ་དུས་རྒྱ་གར་བྱང་ཤར་གོ་ཝ་ཧ་ཌིར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་ལྔ་པ་བསྐོང་ཚོགས་གནང་སྐོར་དང་། སྐབས་དེར་རྒྱ་གར་ཁྱོན་ཡོངས་ནས་བོད་དོན་རྒྱབ་སྐྱོར་བའི་ཚོགས་མི་ཉི་བརྒྱ་ལྔ་བཅུ་ཙམ་གྱིས་མཉམ་ཞུགས་གནང་ནས་བོད་དོན་བདེན་མཐའ་གསལ་ཐབས་སྐོར་བགྲོ་གླེང་ལྷུག་པོ་གནང་ཡོད་སྐོར་སོགས་འགྲེལ་བརྗོད་དང་། བོད་ཀྱི་རྒྱུག་ཆུ་རྣམས་ནི་གཤམ་འོག་རྒྱ་གར་གྱིས་གཙོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་པ། བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ནི་བདེན་པར་རྒྱབ་སྐྱོར་བྱས་པ་ཞིག་ཡིན་སྐོར་སོགས་གསུངས།
དེ་བཞིན་ཁོང་གིས་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་བོད་མི་བརྒྱད་ཁྲི་ལྔ་སྟོང་ཙམ་རྒྱ་གར་དུ་བྲོས་བྱོལ་ལ་ཆིབས་སྒྱུར་བསྐྱངས་དགོས་བྱུང་བ་ནས་དེང་སྐབས་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཙམ་མ་ཟད། རྒྱུན་འཛིན་བྱེད་ཐུབ་པའི་གནས་སྟངས་ཤིག་ཆགས་ཐུབ་པ་དེ་ནི་ངོ་མཚར་ལྡན་པའི་རླབས་ཆེན་གྱི་གྲུབ་འབྲས་ཤིག་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་བཞིན་མེས་པོ་དམ་པ་གཱན་དི་རྗེས་དྲན་མཐོ་སློབ་ཁང་གི་འགན་འཛིན་སྐུ་ཞབས་ཝི་ནོཌ་ཤངྐར་ Vinod Shankar ལགས་ཀྱིས་བོད་དེ་ཕྱི་ལོ་ ༡༩༥༩ གོང་བོད་ཀྱི་རྒྱལ་ས་ལྷ་ས་ཡིན་པ་མ་ཟད། རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་དང་། རྗེས་སུ་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་གྱར་དགོས་བྱུང་སྟེ་ད་ཆ་༸གོང་ས་མཆོག་གིས་དབུ་ཁྲིད་པའི་ལམ་སྟོན་འོག་བོད་མི་རྣམས་རང་གི་རིག་གཞུང་གཅེས་འཛིན་གྱིས་བོད་དོན་བདེན་མཐའ་གསལ་ཐབས་བྱེད་བཞིན་ཡོད་པ་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་ཝ་རཱ་ཎ་སི་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སྐུ་ཞབས་ཨན་ཇ་ནི་ཀུ་མཱར་མིཤྲ་ Anjani Kumar Mishra ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ལས་རིམ་མཇུག་སྒྲིལ།
ཚོགས་འདུ་གྲུབ་རྗེས་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་མེས་པོ་དམ་པ་གཱན་དི་རྗེས་དྲན་མཐོ་སློབ་ཁང་ནང་སློབ་གཉེར་བྱེད་བཞིན་པའི་བོད་དོན་ཐོག་དོ་སྣང་ཆེན་པོ་ཡོད་པའི་སློབ་ཕྲུག་ཁག་གཅིག་དང་ཟུར་དུ་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བཤད་གནང་འདུག སློབ་ཁང་དེར་ཕྱི་ཟླ་ལྔ་པའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་ཚོགས་འདུ་ཞིག་ཀྱང་བསྐོང་འཆར་གནང་རྒྱུ་ཡིན་འདུག
ཐེངས་འདིའི་ཚོགས་འདུའི་ནང་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་དང་། ལས་བྱེད་བསྟན་འཛིན་དཔལ་འབྱོར་ལགས་རྣམ་གཉིས་ཀྱིས་མཉམ་ཞུགས་གནང་འདུག་པ་བཅས། །