ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༣ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཉེན་ཚབས་ཅན་གྱི་གཉན་ནད་རེག་དུག་ནད་གཞིའི་སྔོན་འགོག་གོ་རྟོགས་གོང་སྤེལ་སླད་བོད་ཀྱི་སྐད་ཡིག་རིག་གཞུང་དང་འཚམ་པའི་གཉན་ནད་རིག་དུག་སློབ་གསོའི་མཉེན་ཆས་གསར་སྐྲུན་བྱས་པའི་ལས་གཞའི་སྐོར་བརྙན་ཐུང་བརྒྱུད་གསལ་བསྒྲགས་གནང་དོན། ཐོག་མར་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་རྣམས་ལ་སྐུ་ཁམས་བཟང་ཞུ་རྒྱུ་ཡིན། དེ་རིང་ས་ཕྱོགས་གང་སར་ཡོད་པའི་བོད་རིགས་ཚོར་སོ་སོའི་འཕྲོད་བསྟེན་སྲུང་སྐྱོབ་དང་། སྤྱི་ཚོགས་གཅེས་བཟུང་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པའི་ཐོག་གནད་དོན་ཁ་ཤས་ཤིག་ཞུ་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་།
ང་ཚོ་བོད་པ་ནི་སྙིང་སྟོབས་ཆེ་བ་དང་རྡོག་རྩ་གཅིག་སྒྲིལ། ཐབས་ལ་མཁས་པ་ཞིག་ཡིན། ང་ཚོས་སོ་སོའི་སྐད་ཡིག་དང་རིག་གཞུང་། མེས་པོའི་ཤུལ་བཞག་ལ་ཉེན་ཁ་བྱུང་ཚེ་གདོང་ལེན་བྱེད་ཀྱི་ཡོད་པ་དང་། སྤྱི་ཚོགས་ལྷིང་འཇགས་དང་། ཞི་བདེ་བསྐྲུན་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། འོན་ཀྱང་ང་ཚོ་སྤྱི་ཚོགས་ནང་ད་བར་འགོག་ཐབས་མ་བརྙེད་པའི་འཇིགས་པ་ཆེ་ཤོས་ཤིག་ནི་གཉན་ནད་རེག་དུག་སྟེ་ HIV AIDS ནད་གཞི་རྒྱ་ཁྱབ་ཏུ་འགྲོ་བཞིན་པ་དེ་ཡིན།
གཉན་ནད་རེག་དུག་སྟེ་ HIV AIDS ཞེས་པའི་ནད་གཞི་ནི་ལོ་ན་རྒན་གཞོན་དང་། ཕོ་མོ། དབུལ་ཕྱུག་བཅས་དབྱེར་མེད་ལ་འགོ་གི་ཡོད། ན་ཚ་འདི་གྲྭ་བཙུན་ལའང་འགོ་སྲིད། དེའི་ཁྱིམ་ཚང་དང་། སྤྱི་ཚོགས། དེ་ནས་རྒྱལ་ཁབ་ཁྱོན་ཡོངས་ལ་ཉམས་ཉེས་སུ་འགྲོ་ངེས་རེད། ན་ཚ་དེར་བཅོས་ཐབས་མེད་ཀྱང་ང་ཚོས་གོ་རྟོགས་མཐིལ་ཕྱིན་པ་ཞིག་བྱས་པའི་སྒོ་ནས་ནད་གཞི་དེར་སྔོན་འགོག་བྱེད་ཐུབ། ང་ཚོ་བོད་མི་རྣམས་གཟུགས་གཞི་བདེ་ལ་གཉན་ནད་རེག་དུག་ལ་གདོང་ལེན་ཐུབ་པ་ཡོང་བར་ནད་གཞི་ཁྱབ་བརྡལ་འགྲོ་བ་དེ་འགོག་རྒྱུ་ནི་གལ་ཆེ་ཤོས་ཤིག་ཆགས་ཡོད། དེ་ནི་ང་ཚོའི་འཕྲོད་བསྟེན་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་ཛ་དྲག་ཅིག་དང་། སྤྱི་ཚོགས་གཅེས་སྲུང་ལ་ཤིན་ཏུ་མཁོ་བའི་གོམ་པ་ཞིག་རེད།
ང་ཚོས་ནད་གཞི་དེར་རྒྱུས་མངའ་ལོན་པ་དང་ཕྱོགས་མཚུངས་སྤྱི་ཚོགས་ཀྱི་མཐོང་ཚུལ་ངན་པ་རྣམས་སེལ་ཏེ་སྙིང་རྗེ་བརྩེ་སེམས་ཀྱི་ཐོག་ནས་གནས་ཐབས་བྱ་དགོས། གཉན་ནད་རེག་དུག་ HIV AIDS གིས་མནར་བའི་ནད་པ་རྣམས་ལ་བྱམས་སྙིང་རྗེ་དང་། གུས་བཀུར་བྱ་རྒྱུ་ནི་གཙོ་ཆེ་ཤོས་ཤིག་རེད། ང་ཚོ་ཆེ་མཐོང་ལྡན་པའི་མི་ཞིག་ཡིན་པའི་ཆ་ནས་ HIVAIDS གཉན་ནད་རེག་དུག་གི་མི་ཕན་ཚུན་དབར་འབྲེལ་ལམ་བྱེད་ཕྱོགས་ཐད་ཤུགས་རྐྱེན་མ་ཐེབས་པར་བྱེད་དགོས།
ལོ་མང་རིང་ངོས་ནས་སྤྱིར་ཤེས་ཡོན་གྱིས་མིའི་འཕྲོད་བསྟེན་དང་འབྲེལ་བའི་གནད་དོན་ཐད་ཆ་ཤས་གལ་ཆེན་པོ་ཞིག་བླངས་ཀྱི་ཡོད་པ་མཐོང་བྱུང་། ལྷག་པར་གཉན་ནད་རེག་དུག་ལ་མཚོན་ན། ནད་གཞི་འདི་འགོག་པར་ཤེས་ཡོན་གོ་རྟོགས་ནི་ཆ་ཤས་གལ་ཆེ་ཤོས་ཤིག་རེད།
དེ་རིང་ངོས་ནས་མི་མང་རྣམས་ལ་དམིགས་བསལ་གསལ་བསྒྲགས་ཤིག་ཞུ་རྒྱུར། མི་མང་རྣམས་ལ་ནད་གཞི་འདིའི་ཐད་གནད་ལ་སྨིན་པའི་གོ་རྟོགས་ཤིག་ཡོང་བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ AIDS ཐོག་བོད་ཀྱི་སྐད་ཡིག་རིག་གཞུང་དང་མཐུན་པའི་བརྙན་ཐུང་དམིགས་བསལ་ཞིག་བསྐྲུན་ཆེད་ Teach AIDS གཉན་ནད་སློབ་གསོ་ཚོགས་པ་དང་མཉམ་ལས་བྱེད་རྒྱུ་བྱུང་བར་དགའ་པོ་བྱུང་།
TeachAIDS གཉན་ནད་སློབ་གསོ་ཚོགས་པ་ནི། སྙན་གྲགས་ཆེ་བའི་ཚོགས་པ་ཞིག་ཡིན་པ་དང་། ཨ་རིར་རྟེན་གཞི་བྱས་པའི་ Standford University སི་ཌེན་ཕོཊ་མཐོ་རིམ་སློབ་གཉེར་ཁང་ནས་བཙུགས་པ་ཞིག་རེད། ལས་གཞི་འདིའི་འོག་རིག་གཞུང་དང་སྨན་གྱི་གནས་བབས་དང་འཚམ་པའི་འཕྲོད་བསྟེན་སློབ་གསོ་ཡོ་ཆས་དུ་མ་གསར་སྐྲུན་བྱེད་ཀྱི་ཡོད། ངོས་ནས་ TeachAIDS ཚོགས་པ་དང་ཁོང་ཚོས་སྟོན་པའི་ TeachAIDS བརྙན་འཕྲིན་ལ་བསྔགས་བརྗོད་ཞུ་གི་ཡོད། དེ་རིང་བོད་ཀྱི་སྐད་ཡིག་ཐོག་རིན་མེད་ཐོག་ནས་བསླེབས་ཀྱི་ཡོད་པ་དགའ་པོ་བྱུང་། TeachAIDS ཡོ་ཆས་ནི་འཛམ་གླིང་ནང་སྤུས་ཚད་ལེགས་ཤོས་ཡིན་པ་དང་། ཡོ་ཆས་དེ་དག་བརྒྱུད་ང་ཚོར་ནད་འབུའི་ངོ་བོ་དང་། དེ་དག་ཁྱབ་འཕེལ་ཇི་ལྟར་འགྲོ་ཚུལ་གསལ་སྟོན་བྱེད་ཀྱི་ཡོད་སྟབས། ང་ཚོ་རང་ཉིད་དང་། རང་ཉིད་ཀྱི་སྤྱི་ཚོགས་ཡོངས་ལ་གཉན་ནད་རེག་དུག་ལས་ཇི་ལྟར་བསྐྱབ་ཐུབ་པ་སོགས་ཤེས་ཐུབ་པ་མ་ཟད། སྔར་རྒྱུན་ནད་འབུ་དེའི་རྐྱེན་གྱིས་སྤྱི་ཚོགས་ནང་རྒྱུ་མཚན་མེད་པའི་གཏམ་སྒྲུང་མེད་པ་བཟོ་ཐུབ།
འབྱུང་འགྱུར་ཟླ་ཤས་དང་ལོ་ཤས་ནང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་རང་རེའི་སློབ་གྲྭ་ཁག་དང་། མཐོ་སློབ། ཡན་ལག་སྨན་ཁང་སོགས་ལ་གོང་སྨྲོས་ཡོ་ཆས་དེ་དག་འགྲེམས་འཇོག་བྱ་རྒྱུ་ཡིན། ལྷག་པར་ང་ཚོར་དཀའ་ངལ་ཇི་ཡོང་ལ་གདོང་ལེན་གྱིས་འཛམ་གླིང་ཡུལ་གྲུ་གང་སར་ཡོད་པའི་བོད་མིའི་གཞིས་ཆགས་ཁག་དང་། ཚོགས་པ་ཁག་གི་ནང་ TeachAIDS ཡོ་ཆས་དེ་དག་བོད་ཀྱི་སྐད་ཡིག་ཐོག་འགྲེམས་འཇོག་ཐུབ་པ་བྱ་རྒྱུ་དང་། ཡོ་ཆས་དེ་དག་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་། གཟུགས་མཐོང་བརྙན་འཕྲིན་ཐོག་བརྒྱུད་སྤེལ་ཁྱབ་བསྒྲགས་བྱས་ཏེ་ནམ་ཞིག་བོད་མིའི་ནང་ HIV AIDS གཉན་ནད་རེག་དུག་དེ་རྩ་འགོག་ཐུབ་པ་བྱ་རྒྱུ་ཡིན།
གུས་པས་འབོད་སྐུལ་ཞུས་པ་བཞིན་ TeachAIDS གཉན་ནད་སློབ་གསོ་ཚོགས་པ་དང་། དེ་བཞིན་ཡོ་ཆས་དེ་དག་གསར་སྐྲུན་བྱ་ཕྱིར་དུས་ཚོད་དང་། དཔལ་འབྱོར་གྱི་མཐུན་སྦྱོར་གནང་མཁན་གྱི་དང་བླངས་པ་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཡོ་ཆས་འདིའི་ཕན་རོགས་ལ་བརྟེན་ནས་བོད་མི་ཚང་མས་གཉན་ནད་དེ་རྩ་འགོག་གཏོང་རྒྱུར་གདེང་ཚོད་ཆེན་པོ་ཡོད་ཅེས་ཞུ་རྒྱུ་ཡིན། འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མི་ཚང་མར་ཞུ་རྒྱུར། ཁྱེད་རྣམས་ཀྱི་བརྙན་ཐུང་འདི་ངེས་པར་དུ་གཟིགས་ཏེ་མཉེན་ཆས་འདིའི་ནང་དོན་ལ་རྒྱུས་མངའ་ཆ་ཚང་ལོན་པའི་ཐོག་ནས་སོ་སོ་དང་སོ་སོའི་མཛའ་བརྩེ་རྣམས་གཉན་ནད་རེག་དུག་ལས་སྲུང་སྐྱོབ་ཇི་ལྟར་བྱ་དགོས་པ་སོགས་ལ་དོ་སྣང་གནང་བ་ཙམ་མ་ཟད། གྲོགས་པོ་གྲོགས་མོ་དང་། ཕ་མ་སྤུན་མཆེད། གྲོང་པ་ཁྱིམ་མཚེས་སོགས་ལའང་གཉན་ནད་རེག་དུག་སྐོར་ངེས་པར་དུ་བཀའ་མོལ་གནང་རོགས་ཞུ་རྒྱུ་ཡིན།
མཐའ་དོན་མ་འོངས་པར་ང་ཚོའི་རིག་གཞུང་དང་། སྤྱི་ཚོགས་ཀྱི་མདུན་ལམ་ཇི་ལྟར་ཡོང་མིན་ནི་ད་ལྟའི་མི་རབས་ལ་རགས་ལུས་ཡོད་པར་སོང་། ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་ HIV AIDS གཉན་ནད་རེག་དུག་གི་ནད་འབུ་འདི་རྩ་འགོག་གཏོང་རྒྱུར་ནུས་པ་ཐོན་ཐུབ་ཀྱི་རེད་ཅེས་ཞུ་རྒྱུ་ཡིན། །
བརྙ་འཕྲིན་གཟིགས་ཆེད་འདིར་གནོན།