ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢ རེས་གཟའ་མིག་དམར།
༄༅།། འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་། རྒྱུད་སྨད་གངས་ཅན་རིག་གནས་སློབ་གྲྭ་གཉིས་ནས་སྤྱིར་བོད་གངས་ཅན་པའི་གཅེས་ནོར་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ། ལྷག་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་སྐྱ་བོའི་ཚོགས་ཀྱིས་ཀྱང་ནང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་གཞུང་ལུགས་ཁག་ལ་སློབ་གཉེར་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་པ་གཞིར་བཅས། ཧུན་སུར་རྒྱུད་སྨད་གྲྭ་ཚང་གི་ཡ་གྱལ་གངས་ཅན་རིག་གནས་སློབ་གྲྭར་མཐོ་སློབ་ཐོན་པའི་བོད་རིགས་ན་གཞོན་གྲངས་བཅད་ཅིག་བསྡུས་བསྐོངས་ཀྱིས་ཟླ་བ་དྲུག་ཙམ་རིང་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་ཟབ་ཁྲིད་གནང་བའི་ལས་རིམ་དེ་བཞིན་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣༡ ཉིན་མཇུག་བསྡོམས་མཛད་སྒོ་ཞིག་དང་སྦྲགས་མཇུག་བསྡུས་གནང་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་རྒྱལ་གླིང་དོན་གྲུབ་རྡོ་རྗེ་ལགས་དང་། རྒྱུད་སྨད་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་ཕན་བདེ་མཆོག་གིས་དབུས། ས་འཐུས་ཚོགས་གཙོ་བརྩོན་འགྲུས་རབ་རྒྱས་ལགས་དང་། ས་གནས་འགོ་འཛིན་གྱི་སྐུ་ཚབ་ལས་དྲུང་ཚེ་རིང་སྒྲོལ་དཀར་ལགས་བཅས་གདན་ཞུས་ལྟར་ཕེབས་པ་དང་། ཚོགས་བཅར་བའི་ཁོངས་སུ་ཟླ་དྲུག་ཟབ་ཁྲིད་ཀྱི་སློབ་མ་རྣམས་དང་། དགུན་ཁའི་གུང་སེང་དང་བསྟུན་ནས་བོད་ཀྱི་སྐད་ཡིག་ཟབ་སྦྱོང་དུ་ཕེབས་པའི་བོད་ཁྱིམ་གྱི་སློབ་ཕྲུག དེ་བཞིན་ཧུན་སུར་ས་གནས་ནང་ཆོས་ངོ་སྤྲོད་འཛིན་གྲྭའི་མི་མང་བཅས་ཁྱོན་མི་གྲངས་ ༡༥༠ སྐོར་ཞིག་འདུ་འཛོམས་བྱུང་ཡོད།
མཛད་སྒོའི་ཐོག་མར་སློབ་དགེ་ངག་དབང་ཡོན་ཏན་ལགས་ཀྱིས་ཕེབས་བསུ་དང་ཟླ་དྲུག་ཟབ་ཁྲིད་ཀྱི་ལས་བསྡོམས་སོགས་སྙན་སྒྲོན་ཞུས། དེ་རྗེས་ཟབ་ཁྲིད་ཀྱི་སློབ་མ་ཟླ་བ་སྐྱིད་པ་ལགས་ཀྱིས་རང་གི་མྱོང་ཚོར་དང་དགོངས་འཆར་གསུངས། དེ་ནས་སྐུ་མགྲོན་གཙོ་བོ་རྣམས་ནས་རྒྱུགས་སྤྲོད་རྩེ་མོར་སོན་པ་རྣམས་ལ་བྱ་དགའ་དང་བསླབ་པ་མཐར་སོན་སློབ་ཕྲུག་རྣམས་ལ་ཕྱག་ཁྱེར་འབུལ་བཞེས་གནང་།
དེ་ནས་རྒྱུད་སྨད་མཁན་རིན་པོ་ཆེ་དང་། ས་གནས་འགོ་འཛིན་གྱི་སྐུ་ཚབ། དེ་བཞིན་ཆོས་རིག་དྲུང་ཆེ་བཅས་ནས་གསུང་བཤད་གནང་། ཆོས་རིག་དྲུང་ཆེས་ལས་ཁུངས་ངོས་ནས་གངས་ཅན་རིག་གནས་སློབ་གྲྭའི་དགེ་ལས་ཡོངས་ལ་ཐུགས་རྗེ་ལེགས་སྐྱེས་རེ་ཕུལ་གྲུབ་མཚམས། སླར་ཡང་ཟབ་ཁྲིད་ཀྱི་སློབ་མ་བསྟན་འཛིན་བློ་ལྡན་ལགས་ཀྱིས་རང་གི་མྱོང་ཚོར་གསུངས་པ་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་།
དེ་རྗེས་མཐའ་བརྒྱན་དགའ་སྟོན་རྟེན་འབྲེལ་དུ་ཟབ་ཁྲིད་སློབ་མ་ཁག་གཅིག་གིས་རིགས་ལམ་གྱི་རྩོད་གླེང་དང་། བོད་ཁྱིམ་སློབ་ཕྲུག་ཕོ་མོ་རྣམས་ནས་རིག་གཞུང་འཁྲབ་སྟོན་སོགས་གནང་སྟེ་མཛད་སྒོ་དགྱེས་དགའི་ངང་གྲོལ་བར་གནང་ཡོད།
ཟླ་དྲུག་ཟབ་ཁྲིད་དེ་ནི་ཕྱི་ལོ་ ༢༠༡༤ ལོར་ཆོས་རིག་ལས་ཁུངས་ནས་གསར་གཏོད་དང་ལག་བསྟར་གནང་བའི་ནང་ཆོས་ངོ་སྤྲོད་ཀྱི་ལས་རིམ་ཞིག་ཡིན་ཅིང་། དེའི་དམིགས་ཡུལ་གཙོ་བོ་ནི་དེང་དུས་ཤེས་ཡོན་ལྡན་པའི་བོད་རིགས་ན་གཞོན་ཁྲོད་དུ་བོད་ཀྱི་སྐད་ཡིག་དང་ནང་དོན་རིག་པའི་གོ་རྟོགས་རྒྱ་བསྐྱེད་གཏོང་བ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་དུ་སྐྱ་བོ་རྣམས་ཀྱིས་ནང་པའི་གཞུང་ལུགས་ཁག་ལ་སློབ་གཉེར་ཐུབ་པའི་ལམ་ལ་བསྐུལ་རྒྱུ་དེ་ཡིན། ཟླ་དྲུག་ཟབ་ཁྲིད་འདིའི་ནང་དུ་རིགས་ལམ་དང་། གཞུང་། སྐད་ཡིག་ཅེས་བསླབ་གཞི་སྡེ་ཚན་ཆེ་བ་གསུམ་དུ་བགོས་ནས། བསྡུས་བློ་རྟགས་གསུམ་དང་། དབུ་ཕར་སོགས་ཀྱི་ངོ་སྤྲོད། དེ་བཞིན་སུམ་རྟགས་སྙན་ངག་བཅས་པ་སློབ་ཁྲིད་གནང་གི་ཡོད། སློབ་དུས་ཕྱི་ཟླ་ ༧ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༣༡ བར་ཡིན་ཀྱང་། ད་ལོའི་ཆར་༸གོང་ས་མཆོག་གིས་ལྷོ་ཕྱོགས་བཀྲ་ཤིས་ལྷུན་པོ་དགོན་པར་ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ཀྱི་བཀའ་ཆོས་བསྩལ་བའི་སྐབས་དང་བསྟུན། སློབ་ཕྲུག་རྣམས་གསུང་ཆོས་སུ་བཅར་ཞུགས་གནང་རྒྱུ་སོགས་ལ་དམིགས་ནས་ཟླ་བ་གཅིག་རིང་ཕར་འགྱངས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣༡ བར་ཚུགས་ཡོད། རྗེས་ལོར་རམ་འཆར་ལོའི་སྔོན་རྩིས་ལོ་དུས་ནང་དུའང་འཛུལ་ཞུགས་གནང་མཁན་སློབ་ཕྲུག་གྲངས་ཚད་ངེས་ཅན་ཞིག་བྱུང་ཚེ་སློབ་ཕྲུག་ཞལ་གྲངས་ ༢༥ བསྡུ་བསྐོང་གིས་ཟབ་ཁྲིད་ཐེངས་གསུམ་པ་གོ་སྒྲིག་གནང་གཏན་འཁེལ་ཡོད་པ་བཅས། །