༢༠༡༦ ཟླ་ ༢ ཚེས་ ༢༡ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུས་སོང་། དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཡིན་པ་དང་། ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་བསྟན་འཛིན་པདྨ་ལགས་ཀྱིས་ལས་རིམ་གཙོ་སྐྱོང་གནང་ཐོག་རྒྱལ་སྤྱིའི་ཕ་སྐད་ཉིན་མོའི་བྱུང་རབས་ལོ་རྒྱུས་ངོ་སྤྲོད་གནང་། དེ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གྲོས་སྟོན་པ་བློ་བཟང་ལགས་ཀྱིས་དགའ་བསུའི་གསུང་བཤད་གནང་རྗེས་ཤེས་རིག་བཀའ་བློན་མཆོག་གིས་བོད་མི་ཚོས་རང་གི་ཕ་མེས་ནས་དར་བའི་ཕ་སྐད་གཙང་མ་རྒྱག་རྒྱུར་དོ་སྣང་གནང་གལ་ཆེ་བ་མ་ཟད། བོད་མི་མི་རབས་རྒན་པ་ཚོས་མི་རབས་གཞོན་པ་རྣམས་ལ་བོད་སྐད་གཙང་མ་རྒྱག་རྒྱུའི་ལམ་སྟོན་གྱི་སློབ་གསོའི་ལས་འགུལ་སྤེལ་དགོས་པ་དང་། སློབ་གྲྭ་ཁག་ཏུ་མཚོན་ན་ཕྲུ་གུའི་བློ་དང་འཚམས་པའི་སློབ་དེབ་དང་སྒྲུང་གཏམ་གྲ་སྒྲིག་གནང་གལ་ཆེ་བ་མ་ཟད། དུས་ཀྱི་འགྱུར་འགྲོས་དང་འཚམས་པའི་སྐད་ཡིག་ཡར་རྒྱས་གཏོང་ཆེད་དེང་དུས་ཤེས་བྱའི་རྣམ་གྲངས་འདྲ་མིན་ཡོད་པ་དེ་དག་གི་ཐ་སྙད་བོད་སྐད་ནང་གསར་སྒྱུར་དང་གསར་བཟོ་གནང་ཐབས་ཀྱི་ལས་གཞིར་དོ་སྣང་བྱེད་གལ་སོགས་གསུངས། དེ་རྗེས་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས། ཡོན་ཏན་ཀུན་གྱི་གཞི་མ་ཡི་གེ་དང་། དེ་སྦྱོང་པར་བྱེད་པར་ཐོག་མར་འབྲི་ཀློག་གཉིས་ལས་ཕྱི་མ་གཙོ་བོར་བྱེད་དགོས་ཚུལ་ལས་འཕྲོས་པའི་གྲོས་འདེབས་རང་བློས་དཔག་ཚོད་ཀྱི་ཐོག་མའི་འཆར་སྒོ་རགས་བསྡུས་སུ་ཞུས་བ། ཞེས་པའི་རྩོམ་ཡིག་སྒྲོགས་སྦྱང་གནང་།
དེ་རྗེས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་མཁས་དབང་རག་རྡོ་བློ་བཟང་བསྟན་འཛིན་ལགས་ཀྱིས། ལུང་ཚན་བྱེ་བྲག་པའི་ཕལ་སྐད་གཙོར་འདོན་གྱི་ཡིག་སྲོལ་དར་འཕེལ་བྱུང་ཚེ་རྩ་བའི་བོད་ཡིག་ལ་དགེ་སྐྱོན་ཇི་བྱུང་གི་བསམ་ཚུལ། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཟབ་མོ་གནང་། ཕྱེད་ཡོལ་ཚོགས་ཐུན་དང་པོའི་སྐབས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ལྷག་པ་ཚེ་རིང་ལགས་ཀྱིས་བོད་ཀྱི་སྐད་ཡིག་གི་ད་ལྟའི་ཉག་ཕྲ་བའི་གནས་སྟངས་དང་དེའི་རྒྱུ་རྐྱེན་དང་སླར་གསོ་ཐབས་གང་དང་གང་ཡོད། ཅེས་པའི་ཐོག་གསུང་བཤད་གནང་རྗེས། སྨོན་ལམ་བོད་ཀྱི་བརྡ་ཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། བརྡ་འཕྲིན་འཕྲུལ་ལས་ཀྱི་དུས་དང་མཉམ་པའི་བོད་ཡིག་གི་མདུན་སྐྱོད། ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་མ་ཟད། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་ཀྱིས། བོད་ཀྱི་སྐད་ཡིག་གི་གལ་གནད་དང་དེ་ཉིད་འཛིན་སྐྱོང་སྤེལ་གསུམ་བྱེད་ཕྱོགས། ཞེས་པའི་སྐོར་གསུངས། མཐར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་བསྟན་འཛིན་པདྨ་ལགས་ཀྱིས། བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སྲིད་བྱུས། ཞེས་པའི་ཐོག་གསུང་བཤད་གནང་རྗེས་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ནས་མཇུག་བསྡོམས་གསུང་བཤད་གནང་།
དེ་རྗེས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་རྒྱལ་ཁའི་གྲོལ་ཡོད། ཐེངས་འདིར་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུ་སྐབས། བོད་མི་མང་སྤྱི་འཐུས་རྣམ་པ་དང་དྲུང་ཆེ། ལྷན་ཁང་ཁག་གི་སྲི་ཞུའི་ལས་བྱེད། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། སློབ་ཕྲུག དགེ་འདུན་པ་དང་། བོད་རིག་པའི་མཁས་དབང་དང་བོད་དོན་ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་ ༡༠༠ ཙམ་མཉམ་ཞུགས་གནང་ཡོད།
དེ་ཡང་སྤྱིར་འཛམ་གླིང་སྤྱི་ཡོངས་སུ་ཕྱི་ལོ་ ༢༠༠༠ ནས་བཟུང་རྒྱལ་སྤྱིའི་ཕ་སྐད་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད་པ་དང་། དེའི་དམིགས་ཡུལ་ནི་མི་རིགས་སོ་སོའི་ཕ་སྐད་ཡོད་དོ་ཅོག་གལ་གནད་ཆེན་པོ་ཡིན་པའི་གོ་རྟོགས་སྤེལ་རྒྱུ་དང་། སྲུང་སྐྱོབ། དར་སྤེལ་གཏོང་རྒྱུ་སོགས་ཡིན། དེ་ཡང་སྐད་རིགས་ཉམས་ཞིབ་པ་ཚོས་ཉམས་ཞིབ་བྱས་པའི་གྲུབ་དོན་དུ་ད་ལྟ་འཛམ་གླིང་ཐོག་སྐད་ཡིག་མི་འདྲ་བ་གྲངས་ ༧༠༠༠ ཙམ་ཡོད་ཁོངས་ནས་བརྒྱ་ཆ་ལྔ་བཅུ་ཙམ་ཕྱི་ལོ་བརྒྱ་ཕྲག་འདིའི་མཇུག་ཏུ་རྩ་བརླག་འགྲོའི་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་པ་དང་། དེ་ཁོངས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་འདྲ་མིན་ཡོད་པ་རྣམས་ཀྱི་བརྒྱ་ཆ་ ༤༠ ཙམ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁར་བསླེབས་ཡོད་པ་སྐད་ཡིག་ཉམས་ཞིབ་པ་ཚོས་བརྗོད།།