༢༠༡༦ ཟླ་ ༢ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ Ottawa ཁེ་ན་ཌའི་ཆབ་སྲིད་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་རྣམས་དང་ལྷན་མཇལ་འཕྲད་གནང་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བརྗོད་གནང་འདུག དེ་ཡང་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ནང་ཁེ་ན་ཌའི་འོས་བསྡུ་རྗེས་འདེམས་ཐོན་བྱུང་བའི་གྲོས་ཚོགས་འཐུས་མི་གསར་པ་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ངོ་སྤྲོད་གནང་བའི་གོ་སྐབས་ཐོག་མ་དེ་ཆགས་ཡོད།
ལས་རིམ་འདི་བཞིན་ཁེ་ན་ཌའི་གྲོས་ཚོགས་བོད་ཀྱི་གྲོགས་པོ་ཚོགས་པ་དང་ཉེ་ཆར་བསྐོ་གཞག་བྱུང་བའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨ་རིཕ་ཝི་རཱ་ནི་ Arif Virani མཆོག་གིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག སྐབས་དེར་བཀའ་བློན་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག འཐུས་མི་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་དང་མཉམ་དོན་སྙིང་ལྡན་པའི་གྲོས་མོལ་བསྐྱར་གསོ་ཡོང་ཐབས་བྱེད་བཞིན་པ་དེར་རྒྱབ་སྐྱོར་གནང་དགོས་སྐོར་དང་། བོད་དོན་བདེན་མཐའ་གསལ་ཆེད་འཚེ་མེད་ཞི་བར་གཞི་བཅོལ་བཞིན་ཡོད་སྟབས། ཁེ་ན་ཌ་ཐེ་བའི་འཛམ་གླིང་ཡོངས་ཀྱི་སྲིད་གཞུང་ནས་སྲིད་བྱུས་འདིར་བོད་ཀྱི་གནད་དོན་གསལ་ཐབས་ཐད་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་འདུག
ཕྱོགས་མཚུངས་བཀའ་བློན་མཆོག་གིས་ས་གནས་དེར་བལ་ཡུལ་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང། བོད་ཀྱི་ཁོར་ཡུག་སོགས་ཀྱི་ཐོག་ལ་ཞབས་འདེགས་གྲུབ་མཁན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་ཐུགས་འཕྲད་ཀྱང་གནང་འདུག་པ་བཅས།།