ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣༡ ཉིན་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ལྷོ་ཤར་ཨེ་ཤི་ཡའི་ཁུལ་གྱི་སྐུ་ཚབ་དོན་གཅོད་དང་ལས་བྱེད་རྣམས་ལ་ཉིན་གྲངས་གསུམ་རིང་ལས་དོན་འཆར་སྒྲིག་དང་བྱུས་བཀོད་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་། ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག ཨོ་སི་ཊོ་ལི་ཡའི་ཁུལ་གྱི་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས།
བལ་ཡུལ་སྐུ་ཚབ་དོན་གཅོད་རྟ་མགྲིན་རྡོ་རྗེ་ལགས། ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་ཡེ་ཤེས་དབང་མོ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་དང་ལས་བྱེད། ཟབ་ཁྲིད་པ་སྐུ་ཞབས་Dr. Peter Traub ལགས། ཕྱི་དྲིལ་ཁོར་ཡུག་ཚན་པ།
དེ་བཞིན་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་ཁག་གཅིག་བཅས་ལྷན་འཛོམས་ཐོག་ཕྱི་དྲིལ་བཀའ་བློན་མཆོག་གིས་འཆར་སྒྲིག་དང་བྱུས་བཀོད་ནི། ཕུགས་ཐག་རིང་པོའི་དམིགས་ཡུལ་བསྒྲུབ་པར་ཇི་ཙམ་གལ་གནད་ཆེན་པོ་ཡིན་སྐོར་དང་། འཆར་སྒྲིག་དང་བྱུས་བཀོད་ལེགས་པོ་ཡོད་ན།
ནུས་ཤུགས་ལྡན་པའི་ལས་དོན་ཚགས་ཚུད་ཐོག་གྲུབ་འབྲས་ཁ་གསལ་དང་། འདོད་བློ་ཁེངས་པ་ཞིག་ཡོང་ངེས་སོགས་ཀྱི་སྐོར་ལམ་སྟོན་གསུང་བཤད་གནང་སྟེ་ལས་རིམ་མཇུག་སྒྲིལ།།