༢༠༡༦ ཟླ་ ༢ ཚེས་ ༢༣ རེས་གཟའ་མིག་དམར།
༄༅། །འདི་གར་བོད་མི་མང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། དེ་ཡང་ཕྱི་ལོ་༢༠༡༦ ཟླ་༢ ཚེས་ ༡༩ ཉིན། དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་ཚོགས་ཆུང་གིས་གོ་སྒྲིག་ཞུས་པའི་དགེ་ལུགས་ཡོངས་ཀྱི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་དཔེ་ཁྲིད་དགེ་རྒན་རྣམ་པའི་དཔེ་ཁྲིད་བྱེད་ཕྱོགས་ཀྱི་བསམ་ཚུལ་བརྗེ་རེས་ཀྱི་ཚོགས་འདུ་ཞིག་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་ཚོགས་ཡོད་པ་དང་། སྐུ་མགྲོན་གྱི་གཙོ་བོར་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་ཕེབས་ནས་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་སྔ་དྲོ་ཆུ་ཚོད་༨།༣༠ ཐོག་གདན་གསུམ་གྲྭ་ཚང་དྲུག་ནས་དཔེ་ཁྲིད་དགེ་རྒན་དྲག་གྲས་བཅུ་རེ་དང་། མཁན་ལས་ཟུར། བཀྲ་ཤིས་ལྷུན་པོ་དང་། རྭ་སྟོད། རྣམ་རྒྱལ་གྲྭ་ཚང་དང་། རྒྱུད་གྲྭ་སྟོད་སྨད་གཉིས་བཅས་ནས་དགེ་རྒན་གཉིས་རེ་བཅས་ཁྱོན་དཔེ་ཁྲིད་དགེ་རྒན་བརྒྱད་བཅུ་ལྷག་བསྐོངས་ཚོགས་ཀྱིས་དབུ་འབྱེད་མཛད་སྒོ་ཚུགས་ཡོད་པ་དང་།
དེ་ཡང་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དབུས་པས་གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་དང་། ས་གནས་གྲོས་ཚོགས་དང་ས་གནས་འགོ་འཛིན་སོགས་ས་གནས་གནད་ཡོད་མི་སྣ་རྣམས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྤོས་སྣེས་གདན་ཞུས་ཀྱིས་ཁྲི་ཁར་བཞུགས་སུ་གསོལ་མཚམས། མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། གསོལ་ཇ་འབྲས་སིལ་འདེགས་འབུལ་དང་འབྲེལ་བྱིངས་འདྲེན་ཆེན་མོ་ལགས་ནས་ཤིས་བརྗོད་གསུང་འདོན་གནང་ཡོད་པ་དང་། སྒོ་མང་མཁན་པོ་བློ་བཟང་རྒྱལ་མཚན་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོས་ཉེ་ལམ་བཀྲ་ཤིས་ལྷུན་པོར་དཔེ་ཁྲིད་དགེ་རྒན་རྣམ་པ་ཚོར་ཆེད་མངགས་གསུང་གཤད་གནང་བའི་སྒྲ་ཆེད་གཏོང་དང་འབྲེལ་གསུང་དོན། ང་ཚོའི་དམིགས་ཡུལ་གཙོ་བོ་རྒྱལ་བསྟན་སྤྱི་དང་བྱེ་བྲག་འཇམ་མགོན་བླ་མའི་བསྟན་པ་ཡར་རྒྱས་སུ་གཏོང་ཐབས་དང་། སྔར་གྱི་ཕྱག་སྲོལ་ལ་ཡོད་མེད་གཙོ་བོ་མིན་པར་ལས་གཞི་དེས་ཕན་ཐོགས་ཡོད་མེད་ལ་ལྟ་དགོས་པ་དེ་གལ་ཆེན་པོ་ཡིན་པ་དམ་ཆོས་འདུལ་བའི་རུང་མཐུན་སྦྱར་ཆོག་པ་དང་། སེམས་ཀྱིས་དང་དུ་བླངས་ན་ཉིན་རེར་དཔེ་ཁྲིད་ཚར་བདུན་བརྒྱད་རེ་བྱས་ཀྱང་དཀའ་སྣང་མི་ཡོང་བ་དང་། དཔེ་ཁྲིད་ལ་ཕྱིན་དྲུག་གི་ཉམས་ལེན་ཚང་ལུགས་བཤད་རྒྱུན་ལ་ཡོད་སྐོར་རྒྱས་བཤད་དང་། དཔེ་ཁྲིད་དགེ་རྒན་ཚོར་མཁན་པོ་དང་ཕྱག་མཛོད་ཚོའི་ངོས་ནས་ཕྱར་གྲུ་མཉམ་འདེགས་ཐོག་མཐུན་རྐྱེན་བསྒྲུབ་དགོས་པ་དང་། ཆེ་མཐོང་དང་གུས་བཀུར། འཚོ་བ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་གཏོང་དགོས་ལུགས་དང་།
བློ་གླིང་མཁན་པོ་བློ་བཟང་ཡེ་ཤེས་མཆོག་ནས། ཐོས་བསམ་སྒོམ་པ་ཉམས་ཆག་ཏུ་མི་འགྲོ་བའི་ཐབས་སུ་ཚང་མའི་གོ་བསྡུར་གནང་དགོས་པ་དང་། ཉམས་ཆག་ཏུ་འགྲོ་བའི་རྒྱུ་རྐྱེན་འཚོལ་ཞིབ་དང་འབྲེལ་གོང་འཕེལ་དུ་གཏོང་བའི་མཐུན་རྐྱེན་ག་རེ་སྒྲུབ་དགོས་མིན། དེ་ཡང་མི་གཅིག་གཉིས་ཤིག་གིས་མི་འོང་བས་བསམ་ཚུལ་གོ་བསྡུར་ལྷུག་པོ་གནང་དགོས་པ་དང་། དུས་བསྟུན་ལེགས་བཅོས་ག་རེ་གཏོང་དགོས་མིན། ཕྱི་དངོས་པོ་ཡར་རྒྱས་སུ་བཏང་ནས་ནང་བསམ་བློ་ཡར་རྒྱས་སུ་མ་བཏང་ན་མ་འགྲིག་པའི་སྐོར་དང་། མིང་ཚིག་ཙམ་དུ་མ་སོང་བར་ཚང་མས་༸སྐྱབས་མགོན་རིན་པོ་ཆེའི་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་གལ་ཆེ་སྐོར་དང་། ཤར་རྩེ་མཁན་པོ་བྱང་ཆུབ་ཆོས་ལྡན་མཆོག་ནས། སྐྱོན་གནད་སྐོར་ངོས་འཛིན་ཐོག དེ་དག་སེལ་ཐབས་སྐོར་དགོངས་བཞེས་གནང་རྒྱུ། ད་རེས་རྒྱལ་སྤྱིའི་གཙུག་ལག་སློབ་ཁང་དག་གི་དཔེ་ཁྲིད་བྱེད་ཕྱོགས་ཀྱི་ཉམས་མྱོང་བརྗེ་རེས་བྱེད་དཀའ་ཡང་། མཁན་ཟུར་རིན་པོ་ཆེ་རྣམ་པ་ཚོ་མི་ཚེ་གང་ཚང་ལ་དཔེ་ཁྲིད་བྱས་པའི་ཉམས་མྱོང་ཡོད་པ་དང་། ད་རེས་ཕེབས་མཁན་ཚོའི་ནང་ལ་མི་ལོ་བཅོ་ལྔ་ཉི་ཤུར་དཔེ་ཁྲིད་བྱས་པའི་ཉམས་མྱོང་ཡོད་མཁན་ཚོའི་དགོངས་འཆར་དང་ཉམས་མྱོང་གསུང་རྒྱུའི་རེ་བ་ཡོད་སྐོར་དང་། ད་རེས་གཅིག་པུ་མ་ཡིན་པར་ཡང་དང་ཡང་དུ་མ་འོངས་པར་དགའ་ལྡན་ཁྲི་ཐོག་ཁང་གིས་སྣེ་ཁྲིད་གནང་སྟེ་ཚུགས་དགོས་སྐོར་དང་། འབྲས་སྤུངས་ཁྲི་བ་བློ་བཟང་བསྟན་པ་མཆོག་ནས། བོད་ནང་དུ་རྒྱ་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་ངན་ཇུས་མང་པོ་ཞིག་འཆར་སྒྲིག་་ལག་བསྟར་བྱས་དང་བྱེད་བཞིན་པས་རིས་སུ་མ་ཆད་པའི་བསྟན་པ་ཚང་ལ་མ་ནོར་བ་ཡར་རྒྱས་གཏོང་རྒྱུའི་ཁོར་ཡུག་མེད་པ་དང་། དེང་སང་མཐུན་རྐྱེན་དུ་གྲགས་པ་མང་པོ་ཞིག་ཆོས་ཕྱོགས་ཀྱི་འགལ་རྐྱེན་ཆགས་ཀྱི་ཡོད་པ་དང་། དེ་སྔོན་དགེ་ལྡན་སྤྱིའི་བཅའ་སྒྲིག་ཁག་དང་། གྲོས་ཆོད་ཁག་མང་པོ་ཞིག་ལག་ལེན་ཆ་ཚང་བསྟར་ཐབས་ཡོང་བ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འཛམ་གླིང་སྤྱི་དང་བོད་གངས་ཅན་གྱི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན་སྐོར་དང་། དེང་སང་འགྲིག་མིན་ལ་སོགས་པའི་སྐད་ཆ་ཁྱད་མཚར་དེ་འདྲ་སྤྱི་ཚོགས་ནང་གླེང་སློང་ཡོང་གིཡོད་པ་ནི། ཡག་རྟགས་ཤིག་ནས་རྩ་བ་ནས་མིན་སྐོར་དང་། ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ་ནི། བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་མཆོག་ཡིན་སྐོར་དང་། སྐུ་མགྲོན་གཙོ་བོ་མཆོག་ནས། དེང་སང་འཛམ་བུའི་གླིང་འདིའི་ནང་ཆོས་དད་ཡོད་མེད་ལ་མ་ལྟོས་པར་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ལྷག་པར་དཔལ་ནཱ་ལེནྡྲའི་བཞེད་རྒྱུན་དྲི་མ་མེད་པ་བོད་གངས་ཅན་ལྗོངས་ཀྱི་རིས་སུ་མ་ཆད་པའི་བསྟན་པ་ལ་ཐུགས་སྣང་ཆེ་རུ་འགྲོ་གི་ཡོད་པ་དང་། ༸གོང་ས་མཆོག་ནས་བསླབ་པ་སློབ་གཉེར་གྱི་བསྟི་གནས་ཁག་ལ་ཐུགས་རེ་ག་ཚད་ཅིག་གནང་གི་ཡོད་པ་དང་། དཔེ་ཁྲིད་དགེ་རྒན་རྣམ་པ་ཚོ་རེ་ལྟོས་བྱེད་ས་གཙོ་བོ་ཞིག་ཆགས་ཀྱི་ཡོད་ཙང་། ལོ་རེ་བཞིན་དགེ་བཤེས་མང་པོ་ཞིག་ཐོན་ཡོང་གི་ཡོད་པ་དང་། དེ་དག་ཚང་མས་གདན་ས་རང་ལ་སློབ་ཁྲིད་བྱེད་སའི་ཁོར་ཡུག་ཅིག་མེད་པས་བསྟན་པ་ཕྱོགས་མཐར་སྤེལ་བའི་ཆ་རྐྱེན་དུ། སྐད་ཡིག་འདྲ་མིན་སྦྱོང་བརྡར་གསོ་སྐྱོང་གནང་རྒྱུ་གལ་ཆེ་ཞིང་། དགེ་ལུགས་ཚོགས་ཆེན་ཐོག་༸གོང་ས་མཆོག་ནས་བཀའ་སློབ་གནང་བའི་དོན་གནད་གལ་ཆེན་སྐོར་ཡིག་ཐོག་རང་ནས་གསུང་བཤད་གནང་།
བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོ་དགེ་ལུགས་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ཀྱིས་ད་རེས་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་པར་ཡོད་པའི་ཅི་གསུང་བཀའ་སྒྲུབ་ཀྱི་ཆ་ཤས་ཤིག་ཆགས་ཀྱི་ཡོད་པ་དང་། གཙོ་བོ་དཔེ་ཁྲིད་བྱེད་ཕྱོགས་དང་འབྲེལ་བའི་ལེགས་སྤེལ་ཉེས་འགོག་གི་སྐོར་ལ་བཀའ་བསྡུར་དགོས་པ་དང་། དཔེ་ཁྲིད་དགེ་རྒན་ཚོའི་ངོས་ནས་དཔེ་ཁྲིད་གྲ་སྒྲིག་ཏུ་གྲྭ་ཚང་སོ་སོའི་ཡིག་ཆའི་རྒྱབ་རྟེན་གྱི་རྗེ་ཡབ་སྲས་ཀྱི་གཞུང་དང་། དེ་དག་གི་ཕྱོགས་སྔའི་ནང་མཚན་གསལ་བོར་འཁོད་མེད་ནའང་། སྔ་རབས་ཀྱི་མཁས་པ་ཚོའི་གཞུང་ལུགས་གོམས་འདྲིས་བསྟེན་རྒྱུ་དང་། མདོ་རྒྱུད་བསྟན་བཅོས་ཀྱི་ཤེས་བྱེད་ཀྱི་ཁུངས་གསལ་བོ་ཤེས་དགོས་པ་དང་། ཚིག་འགྲེལ་དང་སྤྱི་ཁོག་བསྒྲིག་སྟངས་ཀྱིས་མཚོན། བཀའ་པོད་ལྔ་བོ་གང་ཁྲིད་ནའང་ཚིག་དོན་ཡོངས་སུ་རྫོགས་པ་ལ་བདག་པོ་རྒྱག་པའི་ཡན་ལག་ཏུ། ཕྱི་རོལ་བའི་གྲུབ་མཐའི་རྣམ་གཞག་དང་། རྩིས་ཀྱི་བསྟན་བཅོས་དང་། བརྡ་སྤྲོད་སྙན་སུམ་དང་། གསང་ཆེན་སྔགས་ཀྱི་ཆེད་དུ་ལེགས་སྦྱར་གྱི་གཞུང་སོགས་ཡན་ལག་ཏུ་ཤེས་དགོས་པ་དང་། གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ཐོག་ནས་ཆེད་ལས་སམ་ཆེད་མཁས་ཀྱི་སྟེང་ནས་ཁྲིད་ཐབས་ཡོང་གལ་ཆེ་བ་དང་། དེང་སང་ཞབས་ཀྱི་པདྨོ་ལ་ཉེ་བར་གཏུགས་མི་དགོས་པའི་བཤད་ཁྲིད་སོགས་ཆ་ཚང་ཉན་པའི་བརྒྱུད་ལམ་གྱི་འཕྲུལ་ཆས་འདྲ་མིན་ཡོད་པ་དེ་དག་གིས་གོ་ག་ཚོད་ཅིག་ཆོད་ཀྱིི་ཡོད་མེད་དང་། དེ་དག་གི་དགེ་སྐྱོན། སློབ་གྲྭ་ཁག་གི་ནང་ནང་ཆོས་དང་རིགས་ལམ་སློབ་ཐབས། དམངས་ཁྲོད་དང་ཆོས་ཚོགས་ཁག་གི་ནང་ཆོས་སློབ་ཐབས། མདོར་ན། ཐོས་བསམ་རྒྱུད་ཐོག་ལ་སྦྱོར་ཐབས་ག་རེ་ཐབས་ཤེས་གནང་དགོས་མིན་སོགས་ཁྱོན་ཡོངས་དང་། བྱེ་བྲག་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེའི་སྐོར་ལ་སྤྱི་དང་དམིགས་བཀར་གྱི་ཁྲིད་ཐབས་གྲྭ་ཚང་དང་དགེ་རྒན་སོ་སོར་ཉམས་མྱོང་གང་ཡོད་པ་དེ་སྤྱི་ལ་སྤུངས་ནས་བཀའ་བསྡུར་ལྷུག་པོ་གནང་རོགས་ཞེས་དང་།
མཇུག་ཏུ་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཞོན་བླ་མ་ཆོས་འཕེལ་བཟོད་པ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་ཚོགས་འདུ་གྲོལ་བ་དང་། གྲ་སྒྲིག་ཚོགས་ཆུང་ནས་སྐུ་མགྲོན་རྣམ་པ་དང་ཚོགས་བཅར་བ་ཡོངས་ལ་གསོལ་ཚིགས་འདེགས་འབུལ་ཞུས་ཤིང་། ཉིན་རྒྱབ་ནས་བཟུང་མཁན་ཟུར་རྣམ་པ་གཉིས་དང་། གྲྭ་ཚང་ཁག་བཅུའི་དཔེ་ཁྲིད་དགེ་རྒན་གྱི་སྐུ་ཚབ་རེ་རེས་སྐར་མ་ཉི་ཤུ་རེར་གསུང་བཤད་དང་། དེའི་རྗེས་ཚོགས་བཅར་བ་ཡོངས་ནས་སྤྱི་སྨན་གྱི་དྲི་བ་དྲིས་ལན་དང་། དགོངས་འཆར། ཉམས་མྱོང་བརྗེ་རེས་བཅས་ཧ་ལས་པའི་གསུང་བཤད་ལྷུག་པོ་གནང་སྟེ་གོ་བསྡུར་གནང་བས་ཚོགས་བཅར་བ་ཚང་མའི་དགོངས་དབྱངས་གཅིག་གྱུར་ཐོག་ཚོགས་འདུ་འདི་འདྲ་ཡང་ཡང་ཚོགས་དགོས་པའི་བསམ་འཆར་གནང་། ཚེས་༢༡ ཉིན་རྒྱབ་སྐུ་མགྲོོན་གཙོ་བོ་མཆོག་དང་། བཀའ་དྲིན་རྗེས་དྲན་གྱི་ཚོགས་གཞོན་རྣམ་པ་གཉིས་ནས་མཇུག་བསྡོམས་ཀྱི་གསུང་བཤད་དང་། བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་གཙོས་མཇུག་བསྡོམས་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་་གཏམ་བཤད་ཞུས་ཏེ་ཚོགས་འདུ་གྲོལ་བ་དང་། ཚོགས་བཅར་བ་ཡོངས་དགའ་ལྡན་ཁྲི་ཐོག་ཁང་དུ་བཅར་ཏེ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་མཇལ་ཁ་དང་བཀའ་སློབ་ཞུས་ཡོད་པ་རེད།།