ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༤ རེས་གཟའ་ཕུར་བུ།
༄༅། །འདི་གར་ཏི་ཛུ་དར་རྒྱས་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༥ ཉིན་རྒྱ་གར་བྱང་ཤར་ཏི་ཛུ་དར་རྒྱས་གླིང་༸རྒྱལ་བའི་ཕོ་བྲང་དུ་ཁུལ་དེའི་གཞིས་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྨན་བཅོས་འཕྲོད་བཞེས་མཛད་རྒྱུའི་རྐྱེན་སེལ་ཞབས་རིམ་གསོག་སྒྲུབ་ཞུས་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ནས་ ༡༡།༣༠ བར་ལྷ་དགོན་བྱང་ཆུབ་ཆོས་གླིང་གིི་དབུ་འཛིན་རྫོགས་ཆེན་དགའ་ནོར་རིན་པོ་ཆེ་དབུ་བཞུགས་ཐོག་གཞིས་དགོན་གསུམ་གྱི་བླ་སྤྲུལ་དགེ་འདུན་རྣམ་པ་དང་། ས་གནས་འགོ་འཛིན། རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ་དང་མཉམ་དྲུང་། ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ། གཞིས་གྲོང་སྤྱི་མི་དང་། གཞིས་མཉམ་ལས་བྱེད། མི་མང་བཅས་ལྷན་འཛོམས་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཁོངས་སུ་༸རྒྱལ་བའི་མཚན་སྔགས་དང་། སྨན་བླའི་གཟུངས་བཞུགས་གྲངས་ཆིག་ཁྲི་ལྔ་སྟོང་། སྨན་བླའི་གཟུངས་སྔགས་ཉི་ཁྲི་ལྔ་སྟོང་། སྨན་བླའི་གཟུངས་ཐུང་གྲངས་ཁྲི་ལྔ། ༸རྒྱལ་བའི་ཞབས་བརྟན་དང་བདེན་ཚིག་སྨོན་ལམ་གྲངས་ལྔ་བཅུ་བཅས་གསོག་སྒྲུབ་ཞུས་པ་དང་། གཞན་ཡང་ཁ་འདོན་ཀློག་མ་ཐུབ་མཁན་ཡིག་རྨོངས་བ་རྣམས་ནས་མ་ཎི་དང་བ་ཛ་གུ་རུ། སྒྲོལ་མ་བཅས་འགྲོ་གང་ཆེ་གསོག་སྒྲུབ་ཞུས་ཡོད་པ་མ་ཟད། གཞིས་གྲོང་སོ་སོ་དང་། གཞིས་དགོན་གསུམ་གྱིས་སྐུ་ཕྱྭའི་ཞབས་རིམ་ཁག་མུ་མཐུད་གསོག་སྒྲུབ་ཞུ་བཞིན་ཡོད་པ་བཅས། །