༢༠༡༦ ཟླ་ ༢ ཚེས་ ༢༥ རེས་གཟའ་ཕུར་བུ།
༄༅། །ཨིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཝཌ་ཀིན་ལུས་སེམས་སྲོག་ Watkins Mind Body Spirit magazine ཅེས་པའི་དུས་དེབ་དེ་ལོ་ལྟར་ཕྱི་ཟླ་ ༢ ནང་འདོན་སྤེལ་གནང་སྲོལ་ཡོད་པ་ལྟར། དུས་དེབ་དེའི་ནང་འཛམ་གླིང་ནང་གི་ཆབ་སྲིད་དང་ཆོས་ཕྱོགས། རྩོམ་པ་པོ། གློག་བརྙན་བཟོ་སྐྲུན་པ། དེ་བཞིན་སྒྱུ་རྩལ་བ་སོགས་ཀྱི་ཁྲོད་ཐོག་མར་གྲགས་ཅན་མི་སྣ་ ༦༠༠ འདེམས་སྒྲུག་གནང་བའི་ཁྲོད་ནས་མཐར་རླབས་ཆེན་མི་སྣ་ ༡༠༠ འདེམས་བཞིན་ཡོད། འདི་ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་མང་ཚོགས་ལ་སེམས་འགུལ་ཤུགས་ཆེ་ཤོས་གཏོང་གནང་མཛད་མཁན་གྱི་རླབས་ཆེན་དབུ་ཁྲིད་བརྒྱ་ཐམ་པའི་མཚན་གཞུང་ནས་སླར་ཡང་ཨང་དང་པོར་འོས་འདེམས་ཞུས་འདུག
ལས་འགུལ་འདི་ནི་ཕྱི་ལོ་ ༢༠༡༡ ལོའི་དཔྱིད་ཀར་ཐོག་མར་དབུ་འཛུགས་གནང་བ་ཞིག་ཡིན་འདུག དེ་ཡང་ཚན་པ་དེའི་དྲ་རྒྱའི་ནང་མཚན་གཞུང་འདེམས་སྒྲུག་གནང་ཕྱོགས་སྐོར་འཁོད་དོན། ང་ཚོས་མི་སྣ་གང་མང་ཚུད་ཐབས་ཆེད་འབད་བརྩོན་གང་ཡོད་ཞུ་བཞིན་ཡོད་པ་བཞིན། དེ་ཡང་ལུས་སེམས་སྲོག་ཅེས་པའི་དུས་དེབ་ཀྱི་དྲ་རྒྱའི་སྟེང་ཕྱི་ལོ་ ༢༠༡༦ ལོའི་འཛམ་གླིང་ནང་མང་ཚོགས་ལ་སེམས་འགུལ་ཤུགས་ཆེ་ཤོས་གཏོང་གནང་མཛད་མཁན་གྱི་སྐུ་འཚོ་བཞུགས་མི་སྣ་གྲགས་ཅན་བརྒྱའི་མཚན་གཞུང་གསལ་བསྒྲགས་གནང་བའི་ནང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཨང་དང་པོར་སླར་ཡང་འདེམས་ཐོན་བྱུང་ཡོད་པ་དང་། དུས་དེབ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ནང་ནས་རང་གཞན་གཉིས་ཀར་བདེ་སྐྱིད་དགོས་འདོད་ན་བྱམས་སྙིང་རྗེའི་ཉམས་ལེན་བྱ་དགོས་སྐོར་བཀའ་སློབ་སྩལ་བ་དེ་ལུང་འདྲེན་ཞུས་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་གོ་ལ་འདིའི་སྟེང་མང་ཚོགས་ལ་སེམས་འགུལ་ཤུགས་ཆེ་ཤོས་བསྐྲུན་གནང་མཛད་མཁན་གྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཨང་དང་པོར་འདེམས་ཐོན་བྱུང་ཡོད། ཅེས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༢ ནས་བཟུང་བསྟུད་མར་འཛམ་གླིང་མི་མང་ལ་སེམས་འགུལ་ཤུགས་ཆེ་ཤོས་གཏོང་གནང་མཛད་མཁན་གྱི་ཆོས་ཕྱོགས་དབུ་ཁྲིད་ཨང་དང་པོར་འདེམས་ཐོན་བྱུང་འདུག འདི་ལོའི་གྲགས་ཅན་མི་སྣ་ཨང་གཉིས་པར་ཡི་ཤུའི་བླ་ཆེན་ Pope Francis མཆོག ཨང་གསུམ་པར་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་བླ་ཆེན་ Bishop Desmond Tutu མཆོག་སོགས་ཡིན་འདུག་པ་བཅས། །