༢༠༡༦ ཟླ་ ༢ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རི་མི་ནེ་སོ་ཊ་ Minnesota མངའ་སྡེའི་རུ་ཆེ་སི་ཊར་ Rochester གྲོང་ཁྱེར་ནས་ཐེ་ཝན་མི་མང་རྣམས་ལ་ཐུགས་གསོ་དང་སྦྲགས་ཐུགས་སྨོན་རྒྱ་ཆེ་མཛད་འདུག དེ་ཡང་ཉེ་ལམ་ཐེ་ཝན་གྱི་ཐེ་ནན་གྲོང་ཁྱེར་ནང་ས་ཡོམ་ཤུགས་ཆེ་བརྒྱབ་པར་བརྟེན་༸གོང་ས་མཆོག་གིས་སྲིད་འཛིན་མཱ་ཡིན་ཇོ་ Ma Ying-Jeou མཆོག་བརྒྱུད་ནས་གོད་ཆག་ཕོག་པའི་ཐེ་ཝན་མི་མང་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་འདུག གསུང་འཕྲིན་དེའི་ནང་༸གོང་ས་མཆོག་ཐུགས་ཕམ་ཧ་ཅང་བྱུང་བ་དང་། གོད་ཆག་དེའི་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོ་མཛད་པ་ཙམ་དུ་མ་ཟད། སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་ཡིན་པའི་ནང་པ་ཡོངས་རྫོགས་ཀྱིས་ཤེས་རབ་སྙིང་པོ་གསུང་འདོན་གནང་ནས་ཐེ་ཝན་མི་མང་ཚོར་གདུང་སེམས་མཉམ་སྐྱེ་གནང་དགོས་པའི་འབོད་སྐུལ་ཡང་མཛད་འདུག ཕྱོགས་མཚུངས་རྨས་སྐྱོན་ཕོག་པ་རྣམས་མགྱོགས་མྱུར་དྲག་སྐྱེད་དང་སྡོད་ཁང་ཞིག་པ་སོགས་སྡུག་བསྔལ་མི་བཟད་པ་མྱོང་བཞིན་པའི་མི་མང་རྣམས་ལ་བདེ་སྐྱིད་ཀྱི་འོད་སྣང་གསར་པ་མགྱོགས་ནས་མྱུར་དུ་འཆར་བའི་ཐུགས་སྨོན་གསོལ་འདེབས་མཛད་པ་མ་ཟད། ཐེ་ཝན་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་ངལ་སེལ་ལས་གཞིའི་ཆེད་ཞལ་འདེབས་གསོལ་སྩལ་མཛད།།