ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་གྲོང་ཁྱེར་པུ་ནེར་རྟེན་གཞི་བྱས་པའི་མ་ཨིར་སི་ཨེམ་ཨའི་ཊི་ MAEER’s MIT ཞེས་པའི་སློབ་གཉེར་ཁང་དུ་ཉིན་གྲངས་བཞིའི་རིང་འཚོགས་རྒྱུའི་བྷ་ར་ཏི་ཡ་ཆ་ཏ་ར་སན་སདྷ་ Bharatiya Chatra Sansad ཞེས་རྒྱ་གར་སློབ་ཕྲུག་ལྷན་ཚོགས་ཐེངས་དྲུག་པའི་ཐོག་གོ་ལ་གཅིག་གྱུར་གྱི་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད།
དེ་ཡང་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་གྲངས་ཆིག་ཁྲི་བརྒལ་བའི་དབུར་གསུང་བཤད་གནང་མཁན་ཁྲོད་སྲིད་སྐྱོང་མཆོག་གིས་གཙོས་པའི་རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་ཝེན་ཀྷེ་ནེདུ་ Shri. M. Venkaiah Naidu མཆོག་དང་། སྐུ་ཞབས་སི་ཏཱ་རཱམ་ཡེ་ཆུར་རི་ Shri Sitaram Yechury ལགས། དེ་བཞིན་སྐུ་ཞབས་མྰ་ཧི་ཤི་བིན་དཱརཱ་ Shri Mahesh Bindra ལགས་སོགས་ཡིན་འདུག
སྐབས་དེར་སྲིད་སྐྱོང་མཆོག་གིས་གོ་ལ་གཅིག་གྱུར་གྱི་དངོས་ཡོད་གནས་སྟངས་གང་ཡིན་སྐོར་དང་། དེ་བཞིན་གོ་ལ་གཅིག་གྱུར་ཐོག་ནས་ཁོར་ཡུག་དང་། གོ་ལའི་ཚ་དྲོད་འཕེལ་བ་ནི། གོ་ལ་སྤྱི་ཡོངས་དང་འབྲེལ་བ་ཤུགས་ཆེ་ཡོད་སྐོར། རྒྱ་གར་རྒྱལ་ཁབ་དེ་བཞིན་གོ་ལ་གཅིག་གྱུར་གྱི་ཁོངས་སུ་གཏོགས་པ་ཞིག་ཡིན་པ་དང་། ང་ཚོར་དབང་བའི་སྡོད་གནས་འཛམ་གླིང་གཅིག་ལས་མེད། གལ་སྲིད་ང་ཚོ་སྡོད་སའི་གོ་ལ་འདིའི་སྟེང་གི་རང་འབྱུང་ཐོན་ཁུངས་ཁྲོད་ཤིང་ནགས་དང་། ཆུ་སོགས་རིམ་པས་མེད་པར་འགྱུར་ཚེ་ང་ཚོ་གནས་སའི་གོ་ལ་མེད་པར་འགྱུར་ངེས་པ་ཡིན།
དེ་བཞིན་མ་འོངས་པར་འཛམ་གླིང་འདིའི་ནང་གོ་ལའི་ཚ་དྲོད་རྐྱེན་པས་ཆུའི་དཀའ་ངལ་འཕྲད་རྒྱུའི་རྟགས་མཚན་ཡང་ཡོད། གལ་སྲིད་ད་ལྟའི་ཁོར་ཡུག་གནས་སྟངས་ལ་དོ་སྣང་མ་བྱས་ཚེ་མ་འོངས་པར་འགྲོ་བ་མི་མང་པོར་འཐུང་ཆུའི་དཀའ་ངལ་འཕྲད་དེ་ཆུའི་ཐོག་དམག་བརྒྱབ་དགོས་པའི་དུས་ཚོད་ཅིག་ཀྱང་འཆར་མི་སྲིད་པ་མིན། དེ་སྔོན་དབུས་ཤར་རྒྱལ་ཁབ་ཁག་གི་དབར་ས་ཆའི་རྩོད་རྙོག་ཐོག་དམག་འཁྲུག་བྱུང་བ་དང་། མ་འོངས་པར་ཆུའི་ཐོག་དམག་འཁྲུག་ཡོང་ངེས་རེད་ཅེས་ཆེད་ལས་མཁས་པ་མང་པོས་དེ་ལྟར་ཚོད་དཔག་བྱེད་བཞིན་ཡོད།
ད་ལྟའི་ཆར་རྒྱ་གར་གྱི་མངའ་སྡེ་མཱ་ཧ་རཤ་ཊ་ནས་བརྩིས་པའི་རྒྱ་གར་ཁྱོན་ཡོངས་ཀྱི་ནང་འཐུང་ཆུ་གཙང་མ་ཞིག་ལོངས་སུ་སྤྱོད་ཐུབ་མིན་ཐད་ཀྱི་དུས་ཚོད་གཉན་འཕྲང་ཅན་ཞིག་ཆགས་ཡོད། འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༡༩ ཙམ་རྒྱ་ནག་ནང་ཡོད་ཁོངས་ནས་བརྒྱ་ཆ་ ༡༡ ནས་ ༡༢ བར་གྱི་མི་རྣམས་ལ་འཐུང་ཆུ་གཙང་མ་ལོངས་སུ་སྤྱོད་ཐུབ་པ་ལས་གཞན་བརྒྱ་ཆ་ ༧ དང་ ༨ ཙམ་གྱི་མི་འབོར་ལ་འཐུང་ཆུ་མ་འདང་པའི་དཀའ་ངལ་འཕྲད་ཀྱི་ཡོད།
དེ་བཞིན་ལྷོ་ཨེ་ཤི་ཡའི་ཁོངས་སུ་གཏོགས་པའི་པཀི་སི་ཐན་དང་བྷང་ལ་དེཤ་བཅས་ཀྱི་ནང་འཐུང་ཆུ་ལ་སོགས་པའི་ཆུའི་གནས་སྟངས་ཧ་ཅང་གི་ཛ་དྲག་ཆགས་ཡོད་པ་མ་ཟད། ཆུ་དཀོན་པའི་རྐྱེན་གྱིས་ཞིང་ལས་ཀྱི་ལོ་ཏོག་སྐམ་པོར་འགྱུར་བ་ལ་བརྟེན་ནས་དེ་སྔོན་ཞིང་པ་མང་པོ་ཞིག་རང་སྲོག་ཀྱང་བཅད་དགོས་པ་བྱུང་ཡོད། བོད་དང་ཧི་མཱ་ལ་ཡ་གཉིས་ནི་འཁྱགས་རོམ་གྱི་སྣེ་མོ་གཉིས་ཕུད་པའི་འཁྱགས་རོམ་གྱི་བང་མཛོད་གསུམ་པ་ལྟ་བུ་ཞིག་ཆགས་ཡོད་སྟབས། དེ་གཉིས་ནི་ཧ་ཅང་གི་གནད་འགག་ཆེན་པོ་ཆགས་ཡོད། འཁྱགས་རོམ་གྱི་གནས་གཞི་ལྟ་བུ་མཐོ་སྒང་བོད་དེ་བཞིན་དེང་སྐབས་གོ་ལའི་ཚ་དྲོད་རྐྱེན་པས་འཁྱགས་རོམ་དེ་དག་ཞུར་ཚད་མྱུར་པོ་འགྲོ་གི་ཡོད་པར་བརྟེན་ཧ་ཅང་གི་ཛ་དྲག་གི་གནས་བབས་ཤིག་ཏུ་འགྱུར་ཡོད།
ཉེ་བའི་ལོ་རབས་འགའ་ཤས་ནང་མཐོ་སྒང་བོད་དང་ཧི་མཱ་ལ་ཡའི་འཁྱགས་རོམ་གྱི་བརྒྱ་ཆ་ ༥༠ ཙམ་བཞུར་ཟིན་པ་དང་། ཕྱི་ལོ་ ༢༠༥༠ ནང་མཐོ་སྒང་བོད་ཀྱི་འཁྱགས་རོམ་བརྒྱ་ཆ་ ༥༠ བཞུར་རྒྱུ་ཡིན་པའི་ཨ་རིའི་ནཱ་ས་ NASA ཞེས་པས་ཚོད་དཔག་བྱས་ཡོད། མཐོ་སྒང་བོད་ཀྱི་འཁྱགས་རོམ་དེ་དག་ནི་འཛམ་གླིང་ས་ཕྱོགས་འདྲ་མིན་དུ་རྒྱུག་པའི་ཆུ་བོ་ཆེན་པོ་དེ་དག་གི་ཆུའི་འབྱུང་ཁུངས་ཆགས་ཡོད།
ལོ་གསུམ་ཡར་སྔོན་དུ་ངོས་རང་རྒྱ་གར་བྱང་ཤར་ཨ་སམ་དུ་ཁོར་ཡུག་དང་འབྲེལ་བའི་གཏམ་བཤད་བྱེད་སྐབས་རྒྱ་གར་མང་ཚོགས་ནས་དེ་ཙམ་དོ་སྣང་ཡོད་པ་མཐོང་མ་སོང་། འོན་ཀྱང་ཉེ་ཆར་ངོས་རང་ས་ཁུལ་དེར་བསྐྱོད་སྐབས་མི་མང་ཚོས་ངོས་ཀྱི་སྐད་ཆར་དོ་སྣང་ཤུགས་ཆེ་བྱེད་ཀྱི་འདུག གང་ལ་ཞེ་ན་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་བརྒྱབ་པ་དང་ཆུ་གློག་ཤུགས་ཚད་ཆེ་བར་བརྟེན་ཡར་ཀླུང་གཙང་པོའི་ཆུ་ཤུགས་ཇེ་ཉུང་དུ་འགྲོ་གི་ཡོད་སྟབས་དོ་སྣང་དམིགས་བསལ་ཡོང་གི་འདུག ང་ཚོའི་ཁ་དཔེར་ཡོད་པ་བཞིན་བསམ་བློ་སྤྱི་ལ་གཏོང་། ཞེས་པ་བཞིན་ང་ཚོས་གོ་ལ་འདིའི་ཁོར་ཡུག་སྲུང་སྐྱོབ་དང་། རྒྱུན་གནས་ཐུབ་ཐབས་ལ་འབད་བརྩོན་བྱ་དགོས།
གལ་སྲིད་ང་ཚོས་ད་ལྟ་ནས་ཁོར་ཡུག་སྲུང་སྐྱོབ་ལ་སོགས་པའི་དོ་སྣང་དང་འགུལ་ཤུགས་ཤིག་མ་གནང་ན། གོ་ལ་འདིར་བར་ཆད་འཕྲད་རྒྱུ་ཙམ་མིན་པར་རྒྱ་གར་དང་ཨེ་ཤི་ཡ་གཙོས་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་གོ་ལའི་ཚ་དྲོད་འཕེལ་རྒྱུའི་རྒྱུ་རྐྱེན་ཞིག་ཀྱང་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་།
སྤྱིར་རྒྱ་གར་གྱི་སློབ་ཕྲུག་ལྷན་ཚོགས་འདི་བཞིན་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་གཞི་རྒྱ་ཆེ་ཤོས་ཤིག་གི་གྲས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཚོགས་པ་འདིའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཀྱང་ཡིན་པ་མ་ཟད། ཐེངས་འདིར་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ལྷན་ཚོགས་ཀྱི་སྐུ་ཚབ་ངོ་བོའི་ཐོག་ནས་གསུང་བཤད་གནང་མཁན་མི་སྣ་མང་པོ་ཞིག་ལ་གཟེངས་རྟགས་ཀྱང་འབུལ་གནང་ཡོད།
སྲིད་སྐྱོང་མཆོག་པུ་ནེ་ནང་གི་ལས་རིམ་ཁག་གྲུབ་རྗེས་ཀ་ལི་ཀ་ཏར་ཕེབས་འཐོན་གནང་སྟེ། ཕྱི་ཚེས་ ༣༠ ཉིན་གྲོང་ཁྱེར་དེའི་ནང་ཡར་ཐོན་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་འདུའི་ཐོག་ལ་གསུང་བཤད་ཀྱང་གནང་ཡོད། ཚོང་པའི་མཐུན་ཚོགས་འདིའི་ཁོངས་སུ་ཡུལ་གྲུ་ ༤༨ ནས་སྙན་གྲགས་ཅན་གྱི་ཚོང་པ་ ༡༡༠༠༠ ལྷག་ཙམ་དང༌། ཡན་ལག་ཚོགས་པ་ ༡༥༣ ཡོད་འདུག་པ་བཅས། །