ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣༠ ཉིན་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ཁ་ལབ་ཧ་ཧོས་ Club House ཞེས་པར་བོད་རང་དབང་སློབ་ཕྲུག་ཚོགས་པ། བོད་ཀྱི་བུད་མེད་ལྷན་ཚོགས། རྩོད་རྙོག་འདུམ་སྒྲིག་བསྟི་གནས་ཁང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་བུད་མེད་ཚན་པ་བཅས་ཀྱིས་གོ་སྒྲིག་གནང་བའི་རང་དབང་དང་ཁོར་ཡུག་འབྲེལ་བའི་ལས་རིམ་ཞིག་གི་ཐོག་གཞོན་སྐྱེས་ཚོའི་དབར་འཕགས་བོད་གཉིས་ཀྱི་འབྲེལ་ལམ་རྒྱུས་ལོན་བྱ་རྒྱུ་གལ་ཆེ་ཡིན་སྐོར་གསུང་བཤད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་ཐེངས་དེའི་ལས་རིམ་ཐོག་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གཙོས་ཚོགས་པ་ཁག་གི་འབྲེལ་ཡོད་ལས་བྱེད་དང་། དེ་བཞིན་ཚོགས་བཅར་བ། སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་འདུ་འཛོམས་གནང་ཡོད། མཛད་སྒོའི་ཐོག་མར་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་ལགས་ཀྱིས་མང་ཚོགས་ལ་འཚམས་འདྲི་ཞུས་ཐོག་གསུང་བཤད་གནང་བའི་ནང་།
འདས་པའི་ལོ་ངོ་སྟོང་ཕྲག་མང་པོའི་རིང་འཕགས་བོད་གཉིས་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་དམ་ཟབ་ཡོད་པ་དང་། ལྷག་པར་འབྲེལ་བ་དེ་ཡང་ཆོས་ཕྱོགས། རིག་གཞུང་། སྐད་ཡིག ཟློས་གར། ས་འབྲེས། བླ་སློབ། ཁོར་ཡུག སོགས་ཕྱོགས་གང་ས་ཅི་ཐད་ནས་འབྲེལ་བ་དམིགས་བསལ་བ་ཞིག་ཡོད་སྟབས། རྒྱ་གར་དང་བོད་རིགས་གཞོན་སྐྱེས་ཚོའི་དབར་འཕགས་བོད་གཉིས་ཀྱི་འབྲེལ་ལམ་གཏིང་ཟབ་ཡོད་པ་དེ་སྐོར་ཕན་ཚུན་འབྲེལ་བཤད་བརྒྱབ་ཏེ་རྒྱུས་མངའ་ཡོད་པ་ཞིག་གནང་རྒྱུ་གལ་ཆེ་ཡིན་པ་དང་།
ལྷག་པར་མི་རབས་རྒན་པ་རྣམས་རིམ་པས་རྫོགས་འགྲོ་གི་ཡོད་པར་བརྟེན། མི་རབས་རྒན་པའི་མཇུག་མཐུད་མཁན་མི་རབས་གསར་པ་ཚོས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་རྒྱུས་མངའ་དགོས་རྒྱུ་ཧ་ཅང་གལ་ཆེ་ཡིན་པར་བརྟེན། གཞུང་འབྲེལ་མིན་པའི་ཚོགས་པ་ཚོས་ལས་རིམ་དེ་རིགས་གོ་སྒྲིག་མང་ཙམ་གནང་ཐུབ་ཚེ་ཡག་པོ་ཡོད་སྐོར་སོགས་ཀྱི་གསུང་བཤད་རྒྱས་པར་གནང་ཡོད། གསུང་བཤད་གྲུབ་མཚམས་ཚོགས་པ་སོ་སོའི་འགན་འཛིན་པས་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད་པ་བཅས། །