ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༩ ནས་ ༣༡ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་སྒྲིག་ཚན་པས་ལས་འཆར་བཀོད་སྒྲིག་ལྟར། རྒྱ་གར་ལྷོ་ཕྱོགས་མེ་སོར་ཁུལ་དུ་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་ཕྲུག་བཅུ་དྲུག་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྗེས་ཐེངས་འདིའི་ཟབ་སྦྱོང་འདི་ཉིད་ལེགས་པར་མཇུག་སྒྲིལ་ཡོད།
དེ་ཡང་ཟབ་སྦྱོང་དེ་བཞིན་ཐོག་མ་ལྡི་ལིའི་མཐོ་སློབ་ཁག་གི་ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་ཚོར་གོ་རྟོགས་སྤེལ་བ་དང་། དེ་རྗེས་བྷེང་ལོར་དང་། བྷ་རོ་ཊ། ཅེ་ནཱའི་བཅས་སུ་གོ་སྒྲིག་གནང་བ་ཞིག་ཡིན་སྟབས། ཐེངས་འདིའི་དབུ་མའི་ལམ་གྱི་གོ་རྟོགས་ལས་འགུལ་སྤེལ་ཐེངས་ལྔ་པ་དེ་ཆགས་ཡོད་འདུག དེ་ཡང་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་གི་དགོས་དམིགས་གཙོ་བོ་ནི། དབུ་མའི་ལམ་གྱི་བྱུང་རིམ་དང་ངོ་བོ། ཐབས་ལམ་སྐོར་གོ་རྟོགས་རྒྱ་སྐྱེད་བཏང་སྟེ། བོད་དོན་འཐབ་རྩོད་མདུན་སྐྱོད་ཇི་ལྟར་དགོས་མིན་སོགས་ལམ་སྟོན་གནང་འདུག
ཐེངས་འདིའི་ཟབ་སྦྱོང་ཐོག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ངེས་སྟོན་པ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་དབུ་མའི་ལམ་གྱི་འཕེལ་རིམ་སོགས་ཀྱི་སྐོར་ངོ་སྤྲོད་དང་དྲི་བར་གསལ་བཤད་དང་ལན་འདེབས་གནང་སྟེ་ཟབ་སྦྱོང་ལས་རིམ་ལེགས་པར་མཇུག་སྒྲིལ་འདུག
ཟབ་སྦྱོང་གོ་སྒྲིག་གནང་མཁན་ཕྱི་དྲིལ་ལས་བྱེད་བསྟན་འཛིན་བཀྲ་ཤིས་ལགས་ཡིན་པ་དང་། ཟབ་ཁྲིད་པ་སྐལ་ལྡན་མཚོ་མོ་ལགས་དང་། བསྟན་འཛིན་བྱམས་ཆེན་ལགས་ཡིན་འདུག་པ་བཅས། །