ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢ རེས་གཟའ་མིག་དམར།
༄༅། །བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རུ་སུ་བོད་ཀྱི་སྨན་དཔྱད་ཁང་ཞིག་གིས་མོས་ཀོའི་ནང་རྟེན་གཞི་བྱས་པའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བརྒྱུད་༸གོང་ས་མཆོག་ནས་བོད་ཀྱི་གསོ་བ་རིག་པ་དར་སྤེལ་མཛད་པའི་རླབས་ཆེན་གྱི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་སྦྲགས། ཆེ་བསྟོད་གཟེངས་རྟགས་ཤིག་འབུལ་ལམ་ཞུས་ཡོད།
དེ་ཡང་རྒྱུ་དངུལ་ལས་གྲུབ་པའི་གཟེངས་རྟགས་དེ་བཞིན་རིན་ཆེན་གསེར་རྩིས་བརྒྱན་ཅིང་། རུ་སུའི་རྒྱལ་དར་གྱི་རི་མོ་བཀོད་པའི་དབུས་སུ་སངས་རྒྱས་སྨན་བླའི་སྐུ་འདྲ་ཞིག་བཞེངས་ཡོད་པ་དང་། དེ་བཞིན་ Buryat མི་རིགས་ཡིན་པ་འབུར་གཟུགས་བཟོ་བཀོད་པ་སྙན་གྲགས་ཅན་ Dashi Namdakov ལགས་ཀྱིས་བཞེངས་པའི་སྟོན་པ་ཆུང་ཆུང་ཞེས་མཚན་གསོལ་ཞུས་པ་དེའི་མཚོན་དོན་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་ན་ཆུང་ངུའི་དུས་སུ་གངས་སེང་ལ་ཆིབས་པའི་བཟོ་བཀོད་དེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གངས་ཅན་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་མཚོན་ཚུལ་འདི་ག་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་གིས་དེ་ལྟར་འགྲེལ་བརྗོད་གནང་ཡོད།
དེ་བཞིན་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་ནས་འདི་ལོ་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་སྐུ་ཁམས་གསལ་ཐང་དང་། སྐུ་ཚེ་ཡུན་རིང་བརྟན་ཅིང་ཐུགས་བཞེད་མཐའ་དག་ལྷུན་གྱི་འགྲུབ་པའི་སྨོན་ལམ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
སྤྱིར་སྨན་དཔྱད་ཁང་དེའི་སྨན་པ་རྣམས་ནས་བཞུགས་སྒར་དྷ་རམ་ས་ལར་དངོས་སུ་བཅར་ནས་གཟེངས་རྟགས་དེ་ཉིད་གང་ཉིད་མཆོག་ལ་འབུལ་ལམ་ཞུ་རྒྱུའི་འདུན་པ་སྔ་ས་ནས་ཡོད་ཀྱང་བར་སྐབས་དཀའ་ངལ་འདྲ་མིན་ཞིག་གིས་རྐྱེན་པས་དེ་ལྟར་འབུལ་ཐབས་བྲལ་རུང་། ད་ལམ་རྒྱལ་ས་ Moscow རུ་རྟེན་གཞི་བྱས་པའི་བོད་ མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་བརྒྱུད་ནས་གཟེངས་རྟགས་དེ་ཉིད་མགོན་པོ་གང་ཉིད་མཆོག་ལ་འབུལ་ལམ་ཞུས་ཡོད་པ་བཅས། །