༢༠༡༦ ཟླ་ ༡ ཚེས་ ༢༠ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཧི་མཱ་ལ་ཡའི་ཁྱིམ་ཚང་ཚོགས་པས་གོ་སྒྲིག་འོག་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་ཕྲུག་ཁག་གཅིག་ལ་འཕགས་བོད་འབྲེལ་ལམ་སྐོར་གསུང་བཤད་ལས་རིམ་ཞིག་ཚོགས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༣༠ ཐོག་བོད་མི་མང་སྤྱི་འཐུས་ཨཱ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས། རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་མཐུན་ཚོགས་ཀྱི་ལས་སྣེ་སན་ཇེ་ཤརྨ་ལགས་དང་། ཨར་ཨེ་སི་ཨེ་སི་ཚོགས་པའི་དྲིལ་བསྒྲགས་འགན་འཁུར་པ་ཨོྃ་པྲ་ཀཱཤ་ལགས་བཅས་དང་། དེ་བཞིན་རྒྱ་གར་བྱང་ཤར་ཁུལ་གྱི་སློབ་ཕྲུག་གྲངས་ ༢༩ དང་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༦༠ ཙམ་མཉམ་འཛོམས་ཀྱིས་ཐོག་མར་ཨཱ་ཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་སྣང་གསལ་ཞལ་འབྱེད་གནང་གྲུབ་མཚམས། སྐུ་ཞབས་ཨོྃ་པྲ་ཀཱཤ་ལགས་དང་སན་ཇེ་ཤརྨ་རྣམ་གཉིས་ཀྱིས་གསུང་བཤད་གནང། དེ་རྗེས་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་དོན། ཐོག་མར་ངས་འདིར་ཕེབས་པའི་ཧི་མ་ལ་ཡིའི་ཕོ་མོ་ལྷན་རྒྱས་ལ་ཞུ་རྒྱུར། རྣམ་པ་ཚོ་དེ་རིང་འདིར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། དེ་རིང་གི་མཛད་སྒོ་དེ་བཞིན་གཞས་ཤིག་སྔོན་དུ་བླངས་པའི་ཐོག་ནས་འགོ་བཙུགས་ཡོད། དེ་ཡང་གཞས་དེའི་བརྗོད་བྱ་གཙོ་བོ་ནི་བློས་གཏོང་དང་འབྲེལ་བའི་སྐོར་ཞིག་ཡིན། རྒྱ་ནག་གི་བོད་ས་བཙན་བཟུང་བྱས་པ་ནས་བཟུང་བློས་གཏོང་བྱས་པའི་གནས་སྟངས་ཤིག་འགྱུར་ཡོད། དེ་རིང་འདིར་འདུས་སློབ་ཕྲུག་ཕལ་ཆེ་བ་རྒྱ་གར་བྱང་ཤར་ཁུལ་ནས་ཡིན་སྟབས་ཁྱེད་རང་ཚོའི་ད་ལྟའི་ཆར་འཚོ་བཞུགས་ཡོད་པའི་མེས་པོ་ཚོར་དེ་སྔོན་ས་མཚམས་ཐད་གནད་དོན་ག་རེ་བྱུང་མིན་སྐད་ཆ་དྲིས་དང་། སྐབས་དེར་རྒྱ་གར་གྱི་གླུ་མ་ལ་ཏའ་མང་གི་ཤི་ཀར། སྐབས་དེ་དུས་ཀྱི་སྲིད་བློན་པཎྜི་ཏ་ནེ་རུ་སོགས་ཀྱི་ལོ་རྒྱུས་ནས་གསལ་པོ་རྟོགས་ཐུབ་པ་ཞིག་ཆགས་ཡོད། གང་ལ་བརྗོད་ན་ཕྱི་ལོ་ ༡༩༦༢ ལོར་རྒྱ་ནག་གིས་རྒྱ་གར་ནང་ཚུར་རྒོལ་བྱས་པའི་སྐབས་མི་གསོད་ཁྲག་སྦྱོར་མཚོན་པའི་བློས་གཏོང་མང་པོ་བྱེད་དགོས་པ་བྱུང་ཡོད། ཕྱི་ལོ་ ༡༩༦༢ བར་ཧི་མཱ་ལ་ཡའི་གནས་སྟངས་དེ་བཞིན་མི་གསོད་ཁྲག་སྦྱོར་གྱི་བྱ་བ་ལ་སོགས་པ་ཅི་ཡང་མེད་པར་ཞི་བདེ་བག་ཕེབ་ངང་གནས་ཐུབ་པ་བྱུང་ཡོད།
དེར་བརྟེན་ང་ཚོ་ཚང་མས་ལོ་རྒྱུས་དེ་དག་དྲན་གསོ་གནང་དགོས་པ་ཧ་ཅང་གི་གནད་འགག་ཆགས་ཡོད། འདིར་འདུས་སློབ་ཕྲུག་ཁྱེད་རང་ཚོ་ལོ་ན་ཆུང་ཞིང་མཐོ་རིམ་སློབ་སྦྱོང་གནང་མཁན་ཞིག་ཡིན་སྟབས། ཇོར་ཇི་སན་ཊ་ཡ་ནས་ George Santayana ལོ་རྒྱུས་མ་ཤེས་ཐབས་མེད་རེད། ཅེས་པ་དེ་དྲན་པ་གསོ་ངེས་རེད། མ་འོངས་པར་གཞོན་སྐྱེས་ཁྱེད་རང་ཚོར་གཞུང་འཛིན་གྱི་ཕྱག་ལས་ཚོན་པའི་ལས་རིགས་སྣ་མང་ཐོག་འགན་ཁུར་བྱ་རྒྱུའི་ལས་འགན་ཆེན་པོ་ཞིག་ཡོང་རྒྱུ་ཡིན་སྟབས། ད་ལྟ་ནས་རྒྱ་དཀར་ནག་གཉིས་དང་བོད། དེ་བཞིན་ཧི་མཱ་ལ་ཡ་བཅས་ཀྱི་གནས་བབས་གང་ཡིན་ཐོག་རྒྱུས་མངའ་ལོན་པ་ཞིག་གནང་གལ་ཆེ། དེའི་ཐོག་རང་ཉིད་ཀྱི་མཐོང་རྒྱ་ཇི་ཙམ་ཡོད་མེད་གསལ་པོར་རྟོགས་ཐུབ་པ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། འཕགས་བོད་གཉིས་ལ་མཚོན་ན་ལོ་ངོ་མང་པོའི་རིང་ཧ་ཅང་གི་འབྲེལ་འདྲིས་བློ་ཐག་ཉེ་བ་དང་། དེ་ཡང་ཆོས་དང་རིག་གཞུང་སྐད་ཡིག དེ་བཞིན་ས་བབ། ཁོར་ཡུག བཅས་དུས་རབས་བརྒྱད་པ་ནས་འགོ་བཙུགས་ཏེ་དུས་རབས་ ༢༡ བར་འཕགས་བོད་གཉིས་ཀྱི་འབྲེལ་ལམ་མུ་མཐུད་སྲ་བརྟན་གནས་ཐུབ་པ་དང་། འབྲེལ་ལམ་དེ་བཞིན་ཧ་ཅང་གཏིང་གཟབ་ཡོད་པ་ཞིག་ཡིན་ཞེས་སོགས་ཀྱིི་ངོ་སྤྲོད་གསུང་བཤད་གནང་གྲུབ་རྗེས། བོད་མི་མང་སྤྱི་འཐུས་ཨཱཅརྱཱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་འབྱུང་རབས་ལོ་རྒྱུས་ཐོག་ནས་བོད་མི་རིགས་དེ་བཞིན་ཐོག་མར་མཆེད་ཚུལ་གཉིས་ཡོད་པ་དང་། ལོ་ངོ་སྟོང་ཕྲག་མང་པོའི་རིང་འཕགས་བོད་གཉིས་ཀྱི་དབར་ཆོས་རིག སྐད་ཡིག ཚོང་འབྲེལ། རྒྱུགས་ཆུ། ཁོར་ཡུག སོགས་ཀྱི་འབྲེལ་ལམ་ཇི་ཡོད་སྐོར་ལོ་རྒྱུས་དང་སྦྲགས་ནས་ངོ་སྤྲོད་རྒྱས་བཤད་གནང་བ་དང་། ཕྱོགས་མཚུངས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་སོགས་ཀྱང་གནང་སོང་བ་བཅས། །