༢༠༡༦ ཟླ་ ༡ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༨ ཉིན་ཉི་ཧོང་རྒྱལ་ས་ཊོག་ཁྱོའི་ནང་དུ་རྟེན་གཞི་བྱས་པའི་གོ་ཀོ་ཀུ་ཇེ་ Gokokuje ནང་པའི་དགོན་པར་བོད་དོན་ཐོག་དོ་སྣང་གནང་མཁན་གྱི་ཉི་ཧོང་མི་རིགས་ཁག་གཅིག་ལ་༼བཞུར་བཞིན་པའི་བོད།༽ ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་དོན།
ངོས་རང་དེ་རིང་རྩ་ཆེའི་ལྷ་ཁང་འདིའི་ནང་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བྱུང་བ་མ་ཟད། ངོ་ཤེས་གྲོགས་པོ་ཁག་གཅིག་དང་སླར་ཡང་མཇལ་རྒྱུའི་གོ་སྐབས་བྱུང་སོང་། དེར་བརྟེན་དེ་རིང་གི་ལས་རིམ་བཀོད་སྒྲིག་གནང་མཁན་གྱི་ལས་བྱེད་རྣམ་པ་དང་དགོན་པའི་མཁན་རིན་པོ་ཆེ་མཆོག་བཅས་ལ་ཐོག་མར་ངོས་ཀྱིས་འཚམས་འདྲི་དང་སྦྲགས་ལས་རིམ་འདི་འདྲ་ཞིག་ཚོགས་ཐུབ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ཀྱིས་སྐད་ཆ་ཤོད་རྒྱུའི་གནད་དོན་ནི། ཨེ་ཤའི་གནད་དོན་ཞིག་རེད་ཅེས་ཞུ་རྒྱུ་ཡིན། ཆོས་ཕྱོགས་ཐོག་ནས་ནང་པའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་འཛམ་གླིང་ནང་པ་སྤྱི་ལ་བོད་དེ་ཆོས་ཕྱོགས་ཐོག་ནས་གལ་ཆེན་པོ་ཇི་ལྟར་ཡིན་མིན། གནའ་བོའི་བོད་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་དང་། བོད་དེ་རྒྱ་གཞུང་གིས་ཧམ་བཟུང་བྱས་པ་དེ་ཡང་བོད་མིའི་ངོ་བོ་མཚོན་པའི་གནའ་བོའི་རིག་གཞུང་དེ་དག་རྩ་བརླག་ཏུ་གཏོང་རྒྱུའི་ཆེད་དུ་བཙན་བཟུང་བྱས་པ་ཞིག་ཡིན། དེ་སྔོན་རྒྱ་ནག་གཞུང་གིས་གལ་སྲིད་བོད་ཀྱི་ཆོས་དང་རིག་གཞུང་གི་བསྟི་གནས་གལ་ཆེ་བའི་དགོན་པ་ཁག་དང་། གྲྭ་བཙུན་དེ་དག་རྩ་མེད་བཟོ་ཐུབ་པ་ཡིན་ན་བོད་ཀྱི་གནད་དོན་རྩ་ཡལ་དུ་འགྲོ་རྒྱུ་རེད་བསམས་ནས་འཆར་གཞི་དེ་འདྲ་ཞིག་སྤེལ་བ་རེད།
དེར་བརྟེན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཕྱི་ལོ་ ༡༩༦༣ ལོར་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་ལ་ཡིག་འབྲུ་ཁྲི་བདུན་ཞེས་པའི་སྙན་ཞུ་ཞིག་ཕུལ་བའི་ནང་། འདས་པའི་དུས་ཡུན་དེ་དག་གི་རིང་བོད་ནང་གི་དགོན་སྡེ་ཁག་བརྒྱ་ཆ་ ༩༨ རྩ་མེད་དུ་བཏང་ཡོད་པ་དང་། བོད་ཀྱི་གྲྭ་བཙུན་བརྒྱ་ཆ་ ༩༩།༩༩ རྩ་མེད་བཟོས་ཡོད་སྐོར་སོགས་སྙན་ཞུའི་ནང་འཁོད་ཡོད།
གང་ལྟར་རྒྱ་ནག་གིས་རིག་གནས་གསར་བརྗེའི་སྐབས་བོད་ཀྱི་དགོན་སྡེ་དང་གྲྭ་བཙུན་བརྒྱ་ཆ་ ༩༨ རྩ་མེད་དུ་བཏང་ཡོད། འོན་ཀྱང་རིག་གནས་གསར་བརྗེ་བྱུང་རྗེས་དང་ཐོག་སླར་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བ་ཡོད་པའི་དགོན་སྡེ་ཁག་འཛུགས་སྐྲུན་བྱས་ཡོད། ང་ཚོ་དགའ་སྤོབས་ཆེན་པོའི་ཐོག་ནས་ཞུ་རྒྱུར། རྒྱ་གར་ནང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐུགས་རྗེའི་ལམ་སྟོན་འོག་ཡོད་པའི་ང་ཚོ་བོད་མི་ཚོས་དེ་སྔ་བོད་ནང་སྙན་གྲགས་ཆེ་བའི་གདན་ས་གསུམ་གྱི་མཚོན་དགོན་སྡེ་ཁག་རྒྱ་གར་དུ་ཆེད་འཛུགས་ཐུབ་པ་ཙམ་དུ་མ་ཟད། ནང་བསྟན་རྣམས་མུ་མཐུད་སྲུང་སྐྱོབ་ཐུབ་པ་བྱུང་ཡོད། ནང་པ་སངས་རྒྱས་པའི་བསྟན་པ་དེ་བཞིན་སླར་གསོ་ཐུབ་པ་ཙམ་མིན་པར་དེང་སྐབས་འཛམ་གླིང་གི་ནང་པའི་བསྟི་གནས་ཆེ་ཁག་ནང་དར་ཁྱབ་ཆེ་ཆེར་འགྲོ་བཞིན་པའི་གནས་སྟངས་ཤིག་ཀྱང་ཆགས་ཡོད། དེ་བཞིན་དེང་སྐབས་བཙན་བྱོལ་ནང་དུ་ནང་ཆོས་དེ་བཞིན་དར་ཁྱབ་ཙམ་མིན་པར་བཙན་བྱོལ་ནང་འཚར་ལོང་བྱུང་བའི་བོད་མི་མི་རབས་གཉིས་པ་དང་གསུམ་པ་ཚོའི་མི་ཚེའི་ནང་ཉམས་ལེན་བྱ་རྒྱུའི་ཆ་ཤས་གལ་ཆེ་ཞིག་ཏུའང་འགྱུར་ཡོད་པར་བརྟེན་བོད་ཀྱི་གནའ་བོའི་དཔལ་ཡོན་ནི་ནང་ཆོས་དང་འབྲེལ་བ་ཡོད་པའི་དཔལ་ཡོན་འཛིན་སྐྱོང་བྱེད་འོས་པ་དང་དར་ཁྱབ་གཏོང་འོས་པའི་དཔལ་ཡོན་ཞིག་ཡིན།
དེར་བརྟེན་ཐོག་མར་ངོས་ཀྱིས་ཆོས་ཕྱོགས་དང་འབྲེལ་བའི་སྒོ་ནས་བོད་དེ་གལ་འགང་ཆེ་ཚུལ་རྣམ་པ་ཚོར་དེ་ཙམ་ཞུ་རྒྱུ་དང་། དེ་རྗེས་ས་བབ་དང་ཆབ་སྲིད། མང་གཙོའི་ལམ་ལུགས་ལག་བསྟར་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས་བོད་དེ་འཛམ་གླིང་ལ་གལ་ཆེ་ཚུལ། དེ་བཞིན་གཙོ་བོ་ཁོར་ཡུག་སྐོར་ཞུ་རྒྱུ་ཡིན། ས་བབ་ཆགས་སྟངས་ཀྱི་ཐོག་ནས་བོད་དེ་གལ་ཆེན་པོ་ཇི་ཙམ་ཡིན་པ་ཞུས་ན། དེ་སྔོན་བོད་མ་ཤོར་གོང་རྒྱ་གར་གྱི་འགོ་ཁྲིད་མི་སྣ་ཆེ་ཁག་དཔེར་ན་ཨཱ་ཅཱརྱ་ཀིར་པ་ལ་ནི་ Acharya Kripalani མཆོག་དང་། ཇ་ཡ་པྲ་ཀཱཤ་ན་རཱ་ཡན་ Jayaprakash Narayan མཆོག དེ་བཞིན་དིན་དཱ་ཡལ་ཨུ་པཱ་དྱ་མཆོག Pandit Deendayal Upadhyaya རཱམ་མ་ནོ་ཧར་ལོ་ཧི་ཡ་ Ram Manohar Lohia དེ་བཞིན་པཎྜི་ཏ་ནེ་རུ་ Pandit Nehru མཆོག ཝལ་ལཱ་བྷ་ཡི་པ་ཊེལ་ Vallabhbhai Patel མཆོག་བཅས་ཚང་མས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་དང་ཕྱོགས་མཚུངས། ཨཱ་ཅཱརྱ་ཀིར་པ་ལ་ནི་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་བྱས་སྟབས། ད་ཆ་རྒྱ་དཀར་ནག་གཉིས་དབར་བར་ཞུགས་སུ་གནས་མཁན་མེད་པར་གྱུར་ཡོད། བོད་བཙན་འཛུལ་བྱས་རྗེས་རྒྱ་གར་གྱི་ས་མཚམས་སྒོ་ཁར་རྒྱ་མི་བསླེབ་རྒྱུ་རེད། ཅེས་གསུངས་པ་ལྟར་རྒྱ་མི་བསླེབས་ཡོད། དེ་ཙམ་མ་ཟད། རྒྱ་ནག་གཞུང་གིས་བོད་སར་བཙན་འཛུལ་བྱས་པ་དེར་ད་ཆ་རྒྱ་གར་གྱིས་གདོང་ལེན་བྱེད་དགོས། གལ་ཏེ་བོད་ནང་བྱུང་བ་དེ་མཚུངས་བལ་ཡུལ་ལ་བྱུང་བ་ཡིན་ན། ང་ཚོས་རྒྱ་ནག་ལ་དམག་རྒྱག་རྒྱུ་རེད། བཙན་འཛུལ་དེ་བོད་ནང་བྱུང་སྟབས་ང་ཚོས་འགོ་ཁྲིད་ཚོས་གང་ཡང་གནང་མེད། ཅེས་གསུང་མཁན་བྱུང་ཡོད། འོན་ཀྱང་ད་ལྟའི་བལ་ཡུལ་གནས་སྟངས་ལ་གཟིགས་པ་ཡིན་ན། རྒྱ་མི་བསླེབས་ཚར་བ་ལྟ་བུ་ཡིན་པ་མ་ཟད། བྷང་ལ་དེ་ཤི་དང་པ་ཀི་སི་ཐན་ནང་བསླེབས་ཟིན། དེ་མཚུངས་ཤྲི་ལངྐཱའི་ནང་བསླེབ་ངེས་རེད། གང་ཡིན་བརྗོད་ན། ཨཱ་ཅཱརྱ་ཀིར་པ་ལ་ནི་མཆོག་གིས་གསུངས་པ་ལྟར་བར་བཞུགས་བྱེད་མཁན་རྒྱལ་ཁབ་དེ་མེད་པ་ཆགས་སྐབས་རྒྱ་མི་ཁྱེད་རང་གི་སྒོ་ཁར་བསླེབས་ནས་དཀའ་ངལ་བཟོ་རྒྱུ་རེད། ཅེས་གསུང་པ་འདི་ད་ཆ་ས་བབ་ཆགས་ཚུལ་གྱི་ཆ་ནས་དངོས་བདེན་འགྱུར་ཡོད།
དེ་ནས་བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་སྐོར་ཞུས་པ་ཡིན་ན། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཞབས་སོར་འཁོད་མ་ཐག་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐུགས་རྗེའི་ལམ་སྟོན་ལ་བརྟེན་ནས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་བཞིན་མང་གཙོའི་ལམ་ལུགས་ཐོག་འགྲོ་རྒྱུར་གལ་ཆེར་གཟིགས་ནས་ད་ལྟའི་ཆར་བཙན་བྱོལ་ནང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་ཞིག་ཡོད་ཁར། ལོ་ལྔ་རེའི་མཚམས་སུ་མང་གཙོའི་ལམ་སྲོལ་ཐོག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་པ་སོགས་མང་གཙོའི་ཁེ་དབང་སྤྱོད་བཞིན་པའི་ལམ་ལུགས་ཚགས་ཚུད་ངང་འགྲོ་མུས་ཡིན། དེ་བཞིན་ལོ་འདི་གའི་ནང་ང་ཚོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་ཤོག་འགྲོ་བཞིན་པའི་སྐབས་ཡིན། དེ་ཡང་སྔོན་འགྲོའི་འོས་ཤོག་དེ་བཞིན་དེ་སྔོན་ཟླ་བ་བཅུ་པའི་ནང་ཟིན་པ་དང་། དངོས་གཞི་འདི་ལོའི་ཟླ་བ་གསུམ་པའི་ནང་འོས་ཤོག་འཕེན་རྒྱུ་ཡིན་པ་རེད། ང་རང་ཡང་ཐེངས་འདིའི་འོས་ཤོག་ཁྲོད་ཀྱི་འོས་མི་གཅིག་ཆགས་ཡོད། ང་ཚོའི་འོས་བསྡུ་ལྷན་ཁང་ལ་དབང་ཚད་ཆེན་པོ་ཡོད། ངོས་རང་གཞུང་འབྲེལ་གྱི་ཕྱོགས་བསྐྱོད་ནམ་ཡིན་སྐབས་འོས་བསྡུ་དང་འབྲེལ་བའི་སྐད་ཆ་བཤད་མི་ཆོག དེར་བརྟེན་ཐེངས་འདིར་ངོས་རང་བོད་མི་ཚོ་དང་ལྷན་ཐུག་ཕྲད་བྱེད་ཕྱོགས་ཀྱི་མེད།
གལ་ཏེ་དེ་འདྲ་བྱེད་ཚེ་ངོས་ཀྱི་འོས་ཤོག་ནས་བརྒྱ་ཆ་བཅུ་མར་འཐེན་རྒྱུ་ཡིན་པ་མ་ཟད། འོས་ཤོག་རྩིས་མེད་ཀྱང་བཏང་སྲིད་པ་རེད། ང་ཚོའི་མང་གཙོའི་ལམ་སྲོལ་དེ་བཞིན་འཛམ་གླིང་གཞན་དང་བསྡུར་ན་དེ་ཙམ་གྱི་འགྲན་རྩོད་མེད་པ་ཞིག་རེད། དེ་སྔོན་ཕྱི་ལོ་ ༢༠༡༡ ལོར་ངོས་རང་སྲིད་སྐྱོང་འོས་མིར་ལང་སྐབས་ངོས་དང་འོས་མི་གཞན་ཞིག་ཡོད་པ་བཅས་ངེད་གཉིས་འོས་ཤོག་གི་དྲིལ་བསྒྲགས་མཉམ་དུ་བྱས་པ་དང་། དེ་བཞིན་ཟ་འཐུང་དང་འགྲིམ་འགྲུལ་ཙམ་མ་ཟད། སྡོད་ཤག་ཀྱང་མཉམ་དུ་བྱས་ནས་བསྡད་པ་རེད། ཉེ་ཆར་ང་ཚོའི་གྲོས་ཚོགས་ནང་རྒྱ་གར་གྲོས་ཚོགས་འཐུས་མི་སྐད་གྲགས་ཅན་ཞིག་ཡོང་སྟེ་ང་ཚོའི་གྲོས་ཚོགས་ལམ་ལུགས་དེར་ཧ་ཅང་ཡིད་སྨོན་ཆེན་པོ་བྱུང་སོང་ཞེས་དངོས་སུ་གསུང་སོང་། གང་ལྟར་བཙན་བྱོལ་ནང་མང་གཙོའི་ལམ་སྲོལ་སྤུས་དག་ཅིག་འགྲོ་མུས་ཡིན། ཞེས་གསུངས་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་ངོ་སྤྲོད་གནང་བ་དང་སྦྲགས། ཉི་ཧོང་ནང་བོད་ཀྱི་སྐུ་ཚབ་དོན་ཁང་ལ་ཉི་ཧོང་གཞུང་མང་གཉིས་ཀྱིས་དུས་རྟག་ཏུ་རྒྱབ་སྐྱོར་གནང་བ་དེར་ཐུགས་རྗེ་ཆེ་ཞུས་འདུག དེ་རྗེས་བཞུར་བཞིན་པའི་མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནད་དོན་སྐོར་གསུང་དོན། བོད་ཀྱི་ཁོར་ཡུག་དེ་ཨེ་ཤི་དང་ལྷག་པར་འཛམ་གླིང་གི་ཁོར་ཡུག་དང་འབྲེལ་བ་ཆེན་པོ་ཡོད་པ་བརྗོད་ཀྱི་ཡོད། དེ་ཡང་དེང་སྐབས་ཚོད་དཔག་ལྟར་ན་མཐོ་སྒང་བོད་ཀྱི་འཁྱགས་རོམ་གྲངས་ ༤༢༠༠༠ ཙམ་ཡོད་ཁོངས་ནས་བརྒྱ་ཆ་ ༨༢ ཞུར་ཟིན་པ་དང་། སྤྱིར་ཆུ་བོ་ཆེན་པོ་མང་པོ་ཡོད་རུང་ཨེ་ཤི་ཡའི་ནང་ཆུ་བོ་ཆེན་པོ་བཅུ་ཞེས་ཡོངས་གྲགས་སུ་བཤད་པའི་ཆུ་བོ་དེ་དག་གི་འབྱུང་ཁུངས་ལྟེ་བ་མཐོ་སྒང་བོད་ཡིན། སེངྒེ་ཁ་བབ་དང་གླང་ཆེན་ཁ་བབ་གཉིས་ཀྱི་ཆུ་བོ་དེ་ཉིད་བོད་ནས་འགོ་འཛུགས་ཏེ་ཀ་ཤི་མི་རི་དང་པ་ཀི་སི་ཐན་ནང་རྒྱུགས་འགྲོ་གི་ཡོད། ཡར་ཀླུང་གཙང་པོར་མཚོན་ན་བོད་ནས་རྒྱ་གར་བྱང་ཤར་ཨ་སམ་དང་། དེ་ནས་བྷང་ལ་དེཤ་ནང་རྒྱུགས་འགྲོ་གི་ཡོད། ཡར་ཀླུང་གཙང་པོའི་ཆུ་བོ་ལྟ་བུར་མཚོན་ན་རྒྱ་གར་བྱང་ཤར་ཨ་སམ་ཁུལ་གྱི་འཚོ་བའི་བརྟེན་གནས་གལ་ཆེ་བ་ཞིག་འགྱུར་ཡོད། དེ་ཡང་ཁུལ་དེར་གནས་པའི་མི་འབོར་ས་ཡ་མང་པོ་ཆུ་བོ་དེའི་ནང་གི་ཉ་ལ་བརྟེན་ནས་འཚོ་གནས་བྱེད་ཀྱི་ཡོད་པ་ཙམ་དུ་མ་ཟད་ཞིང་ལས་འདེབས་ཆེད་ཆུ་དེ་དག་ལ་བརྟེན་དགོས་པ་ཆགས་ཡོད། དེ་བཞིན་བོད་ནས་མཆེད་པའི་ཆུ་བོ་ཆེན་པོ་རྨ་ཆུ་དང་འབྲི་ཆུ་བཅས་འཛམ་གླིང་ལྷོ་ཤར་རྒྱལ་ཁབ་ཁག་གི་ནང་རྒྱུགས་བཞིན་ཡོད་པ་དང་། ད་ལྟའི་ཆར་བྷང་ལ་དེ་ཤི་དང་པ་ཀི་སི་ཐན། དེ་བཞིན་རྒྱ་གར་བཅས་ཀྱི་ནང་ཆུའི་དཀའ་ངལ་ཛ་དྲག་ཆེ་རུ་འགྲོ་གི་ཡོད། ཉེ་ཆར་ངོས་རང་རྒྱ་གར་བྱང་ཤར་ཨ་སམ་ཁུལ་དུ་བསྐྱོད་སྐབས་ཁུལ་དེའི་གསར་འགོད་པ་ཚོས་དོ་སྣང་ཧ་ཅང་གནང་གི་འདུག
གང་ཡིན་བརྗོད་ན་ཨ་སམ་དང་རྒྱ་གར་བྱང་ཤར་གྱི་ཡུལ་མི་ཚོས་ཡར་ཀླུང་གཙང་པོའི་ཆུའི་ཚད་གཞི་མར་བྲི་བཞིན་ཡོད་པ་ཤེས་ཚོར་བྱུང་བ་དང་། རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་བརྒྱབ་ཡོད་པ་ཁས་ལེན་བྱས་ཡོད་པ་ཙམ་དུ་མ་ཟད། ད་དུང་མུ་མཐུད་ཆུ་རགས་རྒྱག་བཞིན་ཡོད། དེར་བརྟེན་ཆུ་བོ་དེ་ནི་ཁུལ་དེའི་ཞིང་ཁ་དང་ཉ་སོགས་འཚོ་བརྟེན་གྱི་གཞི་མ་ཞིག་ཆགས་ཡོད། སྐབས་དེར་ངོས་ཀྱི་སྣུམ་འཁོར་གཏོང་མཁན་ཁ་ལོ་པ་རྒྱ་གར་བྱང་ཤར་ཁུལ་གྱི་མི་རིགས་ཡིན་པ་ཁོང་གིས་ཀྱང་ཡར་ཀླུང་གཙང་པོ་ཨ་སམ་གྱི་སྲོག་རྩ་ལྟ་བུ་ཡིན། ཞེས་བརྗོད་བྱུང་། གང་ལྟར་དེང་སྐབས་བོད་དེ་གལ་ཆེ་ཡིན་པ་ཞིག་ཚོར་ཤེས་ཐུབ་ཀྱི་འདུག དེང་སྐབས་དགུན་དུས་ཀྱི་གནམ་གཤིས་མཚོན་ནའང་དྲོ་རུ་འགྲོ་བ་ལས་གྲང་དུ་འགྲོ་གི་མེད། རྒྱུ་མཚན་གང་ཡིན་ཟེར་ན་གོ་ལའི་ཚ་དྲོད་རྐྱེན་པས་བོད་མཐོ་སྒང་གི་འཁྱགས་རོམ་དེ་དག་བཞུར་ཟིན་པ་དང་། བཞུར་ཟིན་པ་ལ་ཁ་བསྣོན་བརྒྱབ་མི་ཐུབ་པས་རྐྱེན་ཡིན། བོད་ནི་འཛམ་གླིང་གི་མཐོ་སྒང་ཆགས་ཡོད་པར་བརྟེན་བོད་མཐོ་སྒང་ལ་འགྱུར་བ་ཇི་བྱུང་གིས་འཛམ་གླིང་རྒྱལ་ཁབ་ཡོ་རོབ་དང་ཨ་རི་སོགས་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ངོས་ཀྱིས་ཐེངས་འདིའི་བརྗོད་གཞི་བཞུར་བཞིན་པའི་བོད་ཅེས་པའི་བརྗོད་གཞི་དེ་ཉིད་དེ་ཙམ་ཞུ་རྒྱུ་དང་།
དེང་སྐབས་བོད་ནང་བོད་མི་གྲངས་ ༡༤༢ ཙམ་གྱིས་རང་ལུས་མེར་སྲེག་བཏང་བ་སོགས་ཀྱི་ཤིན་ཏུ་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད། ང་ཚོའི་ངོས་ནས་མིའི་ཚེ་སྲོག་དེ་གལ་ཆེན་པོ་ཡིན་པ་དང་བོད་མི་གྲངས་ཉུང་ཡིན་པའི་ཆ་ནས་ཁོང་རྣམས་རང་ལུས་མེར་སྲེག་མ་གཏང་རོགས་ཞེས་ཞུ་གི་ཡོད་ཀྱང་། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། རང་ལུས་མེར་སྲེག་གཏོང་མཁན་བོད་མི་དེ་དག་གི་མངོན་འདོད་གཙོ་བོ་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་མི་ཚོར་རང་དབང་དགོས་པ་བཅས་ཡིན།
གང་ལྟར་བོད་མི་རྣམས་རང་ལུས་མེར་སྲེག་གཏོང་དགོས་དོན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། དཔལ་འབྱོར་དང་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་སོགས་ཆབ་སྲིད་ཀྱི་དམ་བསྒྲགས་དེ་དག་ལ་བརྟེན་ནས་འ་ཆད་འུ་ཐུག་ནས་རང་ལུས་མེར་སྲེག་བཏང་རྒྱུའི་གནས་སྟངས་ཆགས་ཡོད། ངོས་ཀྱི་གནད་དོན་དེ་དག་གི་ཐོག་དུས་ཚོད་ཀྱི་རྐྱེན་པས་རེ་རེ་བཞིན་ཞུ་ཐུབ་མ་སོང་། མཐའ་དོན་དེ་རིང་རེས་གཟའ་སྤེན་པར་རྣམ་པ་ཚོ་ལྷོད་ལྷོད་ངང་བཞུགས་རྒྱུའི་གུང་གསེང་དེ་བློས་བཏང་ནས་འདིར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་དེ་རྗེས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་སྟེ་ལས་རིམ་མཇུག་སྒྲིལ། །