༢༠༡༦ ཟླ་ ༡ ཚེས་ ༡༧ རེས་གཟའ་ཉི་མ།
༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༤ ནས་ ༢༦ བར་སྦེལ་ཀོབ་སེར་བྱེས་གྲྭ་ཚང་གི་ཡིད་དགའ་ཆོས་གླིང་བསྟི་གནས་ཁང་དུ་དེང་དུས་ཚན་རིག་སློབ་ཚན་དེ་དག་བོད་བརྒྱུད་ནང་བསྟན་གྱི་རིགས་ལམ་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་ལམ་ཐོག་ནས་སློབ་ཕྲུག་རྣམས་ལ་སློབ་ཁྲིད་ཇི་ལྟར་གནང་དགོས་པའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་འདུག སྐབས་དེར་སམ་བྷོ་ཊ་དང་བོད་ཁྱིམ་སློབ་གྲྭ དེ་བཞིན་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་ནས་ཁྱོན་ཚན་རིག་སློབ་དགེ་གྲངས་ ༢༢ ཕེབས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་དྲུང་ཆེ་འབུམ་རམ་པ་ངག་དབང་རབ་རྒྱས་ལགས་དང་ཤེས་རིག་སྲོལ་རྒྱུན་ཚན་པའི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་སོགས་འབྲེལ་ཡོད་ལས་བྱེད་ཁག་གཅིག་དང་། དེ་བཞིན་བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་ཡང་ཕེབས་འདུག ཟབ་སྦྱོང་དབུ་འབྱེད་གནང་མཁན་ཤེས་རིག་དྲུང་ཆེ་འབུམ་རམ་པ་ངག་དབང་རབ་རྒྱས་ལགས་ཡིན་པ་དང་། སྐབས་དེར་ཁོང་གིས་དེང་སྐབས་བོད་པའི་སློབ་གྲྭ་ཁག་གི་ནང་རིགས་ལམ་སློབ་ཁྲིད་གནང་རྒྱུ་དགོས་གལ་ཆེ་བ་ཙམ་དུ་མ་ཟད། ཚན་རིག་གཙོ་བོར་གྱུར་བའི་སློབ་ཚན་གཞན་ཁག་ཀྱང་རིགས་ལམ་ཐོག་ནས་འཁྲིད་ཐུབ་ཚེ་དགེ་མཚན་ཧ་ཅང་ཆེན་པོ་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་།
དེ་ཡང་ཟབ་འཁྲིད་གནང་མཁན་རྣམས་ནི། སློབ་གྲྭ་ཁག་གི་རིགས་ལམ་རྒྱུས་སྟོན་པ་དགེ་བཤེས་ངག་དབང་བརྩོན་འགྲུས་ལགས་དང་། རྩོམ་སྒྲིག་པ་བློ་བཟང་རྒྱ་མཚོ་ལགས། རྡ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་སློབ་དགེ་བསྟན་འཛིན་དངོས་གྲུབ་ལགས། གཞན་ཡང་སེར་བྱེས་གྲྭ་ཚང་གི་ཚན་རིག་སྡེ་ཚན་གྱི་འགན་འཛིན་དགེ་བཤེས་ངག་དབང་ནོར་བུ་ལགས་དང་ཁོང་གི་ཕྱག་རོགས་རྒན་ཐབས་མཁས་བློ་གྲོས་ལགས་དང་རྒན་བྱམས་པ་མཁས་མཆོག་ལགས་བཅས་གསུམ་གྱིས་ཚན་རིག་དང་ནང་ཆོས་དབར་གྱི་འབྲེལ་ལམ་དང་ནང་པའི་གཞུང་ནས་གསུང་པའི་ཚན་རིག་གི་རྣམ་གཞག དེ་བཞིན་རིགས་ལམ་སློབ་ཁྲིད་ཀྱི་ཐབས་ལམ་བརྒྱུད་ཚན་རིག་སློབ་ཁྲིད་ཇི་ལྟར་གནང་དགོས་པའི་སྐོར་གོ་རྟོགས་སྤེལ་རྒྱུ་ཡིན་འདུག ཟབ་སྦྱོང་དེར་མཐུན་འགྱུར་རོགས་རམ་གནང་མཁན་ཌེན་མག་རྒྱལ་སྤྱིའི་ཡར་རྒྱས་ཐེབས་རྩ་ཁང་ Danish International Development Agency ཞེས་པ་དེ་ཡིན་འདུག །