ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །འདི་གར་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༥ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་མི་མང་ཚོགས་ཁང་ནང་ཁུལ་དེའི་གཞིས་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྨན་བཅོས་འཕྲོད་བཞེས་མཛད་རྒྱུའི་རྐྱེན་སེལ་ཞབས་རིམ་གསོག་སྒྲུབ་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ནས་ཕྱེད་ཡོལ་ཆུ་ཚོད་ ༤ བར་སེར་བྱེས་དགེ་བཤེས་ལྷ་རམས་པ་བྱམས་པ་བསྟན་འཛིན་ལགས་དང་། དགེ་བཤེས་བློ་བཟང་ཡེ་ཤེས་ལགས་རྣམ་གཉིས་དབུ་ཞུགས་ཐོག་བདེ་སྐྱིད་སླར་གསོའི་གཞིས་མི་ ༣༠༠ ཙམ་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་ཁོངས་སུ་༸རྒྱལ་བའི་མཚན་སྔགས་ཁྲི་གཅིག་དང་། སྨན་བླའི་གཟུངས་སྔགས་ཁྲི་གཉིས་གསོག་སྒྲུབ་ཞུས་པ་དང་། ཉིན་དེའི་རིང་སུ་སིར་གནས་སྡོད་སེར་བྱེས་ཊེ་ཧོར་ཐུབ་བསྟན་ཆོས་གྲགས་ལགས་ཀྱིས་གཏོང་ཕོད་ཆེན་པོས་མང་ཚོགས་རྣམས་ལ་གསོལ་ཇ་དང་ཞལ་ལག་མཐུན་འགྱུར་གནང་འདུག་པ་བཅས། །