༢༠༡༦ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༤ ནས་ ༩ བར་ཉིན་གྲངས་དྲུག་རིང་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་འོག་ནང་སྲིད་དབུས་ངལ་སེལ་ཚོགས་པའི་ཁྱབ་ཁོངས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་རྩིས་པ་ཁག་གཅིག་ལ་རྩིས་དང་འབྲེལ་བའི་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་སྐུ་མགྲོན་གཙོ་བོ་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགསཀྱིས་གཙོས་ནང་སྲིད་དྲུང་འཕར་དཔལ་ལྡན་དོན་གྲུབ་ལགས་དང་། དྲུང་འཕར་ཚེ་དབང་སྒྲོལ་མ་ལགས། ནང་སྲིད་ལས་ཁུངས་ཀྱི་རྩིས་པ་དང་ལས་བྱེད་ཁག་གཅིག ཕྱོགས་མཐའི་ས་གནས་ཁག་གི་ཟབ་སྦྱོང་དུ་བཅར་བའི་རྩིས་པ་རྣམ་པ། གསར་འགོད་པ་བཅས་ཁྱོན་མི་གྲངས་ ༢༥ ལྷག་ཙམ་ལྷན་འཛོམས་ཀྱིས་ཐོག་མར། སྐུ་མགྲོན་གཙོ་བོས་སྣང་གསལ་ཞལ་ཕྱེ་གནང་གྲུབ་བསྟུན། ས་གནས་ཁག་གི་ཟབ་སྦྱོང་བ་རྣམས་ཀྱིས་སོ་སོའི་ངོ་སྤྲོད་གནང་། དེ་ནས་ནང་སྲིད་དྲུང་ཆེས་གསུང་བཤད་གནང་དོན། རྩ་བའི་ནང་སྲིད་ལས་ཁུངས་ཀྱི་དབུས་ངེལ་སེལ་ཚོགས་པས་ས་གནས་ཀྱི་རྩིས་པ་རྣམས་ལ་རྩིས་ཁྲ་ཉར་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་རྒྱབ་ལྗོངས་གཙོ་བོ་དེ་རྣམ་པ་ཚོས་གསལ་པོ་མཁྱེན་ངེས་རེད། དུས་རབས་ཉེར་གཅིག་ནང་གཞུང་དང་སྒྲིག་འཛུགས། སྒེར་གྱི་ཚོགས་པ་སོགས་གང་འདྲ་ཞིག་ཡིན་རུང་རྩིས་ཞེས་པ་དེ་ཧ་ཅང་གནད་འགག་ཅིག་ཆགས་ཡོད། ལས་ཁུངས་སོ་སོའི་ལས་དོན་ཆེ་ཆུང་དང་སྤུས་དག་ག་ཚོད་ཡོད་མེད་དེ་རྩིས་ཀྱི་ལམ་ནས་ཆ་ཚང་གསལ་པོ་རྟོགས་ཐུབ་པ་ཞིག་ཆགས་ཡོད། དུས་རབས་༢༡ པ་འདིའི་ནང་ལས་ཀ་གང་བྱས་པ་དེ་བཀའ་ཤག་གི་ལྟ་གྲུབ་གཞིར་བཟུང་ཕྱི་གསལ་ནང་གསལ་ཡོང་ཐུབ་རྒྱུ་ཞིག་དང་། ང་ཚོས་ལས་ཀ་གང་བྱས་པ་དེརྩིས་ཀྱི་ལམ་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཆ་ཚང་རྟོགས་ཐུབ་རྒྱུ་ཞིག་བཟོ་དགོས་ཀྱི་ཡོད། དེ་སྔ་ཡིན་ན་ས་གནས་སོ་སོའི་ནང་རྩིས་པ་འཐུས་ཚང་གནང་ཐུབ་མཁན་དང་མ་ཐུབ་མཁན་སྣ་ཚོགས་ཡོད་སྟབས། གཞུང་གི་རྩིས་པ་ཚོར་སྐབས་དང་དུས་ལ་ཟབ་སྦྱོང་གནང་རྒྱུའི་བརྒྱུད་རིམ་ཞིག་ཡོད། རང་ཁོངས་ཀྱི་རྩིས་པ་ཚོར་དེ་སྔ་ཟབ་སྦྱོང་ཐེངས་གཅིག་གནང་མྱོང་ཡོད། སྐབས་དེར་མཉམ་ཞུགས་གནང་མཁན་གང་ཙམ་བྱུང་སོང་ལ་མཉམ་ཞུགས་མ་བྱེད་མཁན་ཡང་བྱུང་ཡོད།
དེ་རིང་གི་ཟབ་སྦྱོང་ཐོག་ས་ཁུལ་ཁག་ཉི་ཤུ་ཙམ་གྱི་རྩིས་པ་མང་ཆེ་བ་ཕེབས་ཡོད། འོན་ཀྱང་རེ་ཟུང་ཕེབས་མ་ཐུབ་པའི་གནས་སྟངས་ཆགས་ཡོད། གཅིག་བྱས་ན་ས་གནས་སུ་ལས་དོན་ཛ་དྲག་ཡོད་པའི་རྐྱེན་གྱི་ཡིན་སྲིད། ནང་སྲིད་ལས་ཁུངས་ཀྱི་ཆེད་མངགས་འགྲོ་སོང་འཆར་རྩིས་བསྐོར་ཏེ་གོ་སྒྲིག་ཞུས་པའི་ཟབ་སྦྱོང་ཐོག་མཉམ་ཞུགས་གནང་མ་ཐུབ་མཁན་ས་ཁུལ་ཁག་གི་རྩིས་པ་ཚོས་མ་འོངས་པར་རྩིས་དང་འབྲེལ་བའི་ཐོག་ལམ་ལྷོང་དང་གནས་ཚུལ་མ་ལྷག་པ། ཚད་ལྡན་ཞིག་ཡོང་ཐུབ་རྒྱུའི་རེ་བ་ཞུ་བཞིན་ཡོད། སྔོན་རྩིས་ཟེར་བ་དེ་གཞུང་དང་སྒྲིག་འཛུགས་ཙམ་མ་ཟད་རྒྱ་གར་གྱི་ཁྱིམ་ཚང་སྒེར་པ་སོ་སོས་ཀྱང་ལོ་གཅིག་གི་སྔོན་རྩིས་བཟོ་རྒྱུའི་ལམ་ལུགས་ཡོད། ང་ཚོ་གཞུང་ཞིག་ཡིན་སྟབས་དངུལ་ཕྱི་ཕྱོགས་ནས་ཡོང་ཁུངས་དང་དངུལ་འབྱོར་བ་དེ་དག་སྔོན་རྩིས་ནང་ཆ་ཚང་སླེབས་ཡོད་མེད། དངུལ་ཡོང་ཁུངས་གང་འདྲ་ཞིག་ཡིན་རུང་གཞུང་གྲོན་གྱི་དངུལ་ནང་སླེབས་མ་ཐུབ་ན་དངུལ་དེ་གཞུང་དངུལ་ཡིན་པ་ཞིག་ལ་ངོས་འཛིན་ཞུ་ཐུབ་ཀྱི་མེད། དེ་ལྟ་བུའི་གཞུང་དངུལ་ངོས་འཛིན་མེད་པའི་དངུལ་གྱིས་ས་གནས་ཁག་ལ་ལས་དོན་གྲུབ་འབྲས་ཆེན་པོ་ཡོད་པ་ཞིག་གྲུབ་ཡོད་ཀྱང་དེ་ཁྲིམས་འགལ་ཆགས་ཀྱི་ཡོད།
དངུལ་གང་འདྲ་ཞིག་ཡིན་རུང་གཞུང་དངུལ་གྱི་ཕྱོགས་བསྡོམས་མ་དངུལ་ནང་ཚུད་དགོས་ཀྱི་ཡོད། ཕྱོགས་བསྡོམས་མ་དངུལ་ནང་བསླེབ་རྒྱུའི་དངུལ་དེ་ཡོང་ཁུངས་གང་ནས་ཡིན་མིན་ཐོག་མ་ནས་ཞིབ་འཇུག་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་དང་། དེ་བཞིན་ཁོང་གིས་ས་གནས་སོ་སོར་ལས་འཆར་གང་ཡོད་པ་དེ་དག་སྔོན་ཚུད་ནས་བཀའ་འཁྲོལ་ཞུས་དགོས་པ་སོགས་ཀྱི་བརྒྱུད་རིམ་དེ་དག་མ་འཁྲུག་པ་གནང་དགོས་གལ་སྐོར་དང་། རྩིས་པ་ཚོས་སྒྲིག་གཞི་ཁག་ལ་ཐུགས་སྣང་གནང་ཐོག་སྔོན་རྩིས་ཚད་ལྡན་བཟོ་དགོས་རྒྱུ་ཧ་ཅང་གལ་ཆེ་ཚུལ། ད་ལྟའི་དུས་རབས་འདིར་ཁྲིམས་སྒྲིག་གི་ལམ་ནས་འགྲོ་དགོས་རྒྱུའི་གནས་སྟངས་ཆགས་ཡོད་སྟབས་ལས་དོན་གང་བྱས་ཀྱང་ཁྲིམས་སྒྲིག་དང་མཐུན་པའི་སྒོ་ནས་བྱེད་གལ་ཆེ་ཚུལ། ལོ་གཅིག་ནང་ལས་ཁུངས་སོ་སོའི་ལས་དོན་སྤུས་དག་ག་ཚོད་ཡོད་མེད་དང་ལས་འཆར་གང་ཡོད་མེད་དེ་རྩིས་པ་སོ་སོའི་སྔོན་རྩིས་བཟོ་སྟངས་ལ་རག་ལས་སྐོར། རྩིས་པ་ཚོར་ཁྲལ་དང་འབྲེལ་བའི་ཐོག་གོ་རྟོགས་དགོས་གལ། རྩིས་པ་ཚོས་ཟབ་སྦྱོང་གྲུབ་རྗེས་སོ་སོའི་ས་གནས་སུ་གདེང་སྤོབས་ལྡན་པའི་ཐོག་གསར་གཏོད་ཀྱི་རྣམ་པའི་སྒོ་ནས་ལས་དོན་ཚགས་ཚུད་དུ་ཇི་ལྟར་གཏོང་དགོས་མིན་ཐོག་ཐུགས་སྣང་གནང་གལ། རྩིས་ཞིབ་སྙན་ཐོར་ལན་འདེབས་བྱེད་སྐབས་ཞིབ་ཚགས་པོ་དང་རྒྱབ་རྟེན་ཡིག་ཆ་ཟུར་འཛར་འཐུས་ཚང་དགོས་གལ་སྐོར། རྩིས་པ་ཚོས་ཟབ་སྦྱོང་ཐོག་ཆ་ཤས་སྤུས་དག་ལེན་ཏེ་མ་འོངས་པར་སོ་སོའི་ས་གནས་སུ་རྩིས་དང་འབྲེལ་བའི་ཐོག་ས་གནས་དང་དབུས་ལ་དཀའ་ངལ་མེད་པ་ཞིག་ཡོང་ཐབས་གནང་གལ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་བཅས།།