ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ རེས་གཟའ་ལྷག་པ་སྟེ་ལྷག་དཀར་ཉིན་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྨན་བཅོས་འཕྲོད་བཞེས་གནང་རྒྱུའི་རྐྱེན་སེལ་ཞབས་རིམ་གསོག་སྒྲུབ་ཞུ་ཆེད་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་སྣ་ལྔ་འབུལ་གཤོམ་དང་འབྲེལ། ཞབས་རིམ་གསོག་སྒྲུབ་ཀྱི་ཚོགས་མགོན་དུ་རྒྱུད་སྟོད་བླ་མ་དབུ་མཛད་ཐུབ་བསྟན་བསྟན་འཛིན་ལགས་དབུ་བཞུགས་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། སྲི་ཞུའི་ལས་བྱེད་རྣམ་པ། བཞུགས་སྒར་ཁུལ་གནས་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་སྔགས་གསུམ། དེ་བཞིན་མི་མང་། ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་ཀྱིས་སྐུའི་ཞབས་རིམ་གསོག་སྒྲུབ་གནང་མུར་རྣམ་གྲྭ་དགེ་བསྐོས་བསྟན་འཛིན་མཐུ་སྟོབས་ལགས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་སྐྱབས་ཐོ་སྒྲོགས་སྦྱང་གནང་།
དེ་ནས་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། མཁན་རིན་པོ་ཆེ་མཆོག་གིས་དབུས་པའི་སྐྱབས་གནས་དགེ་འདུན་གྱི་སྡེ། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། མི་མང་རྣམ་པ། དེ་རིང་འདིར་སྐུའི་ཞབས་རིམ་གསོག་སྒྲུབ་ཆེད་༸གོང་ས་མཆོག་གི་སྐུའི་བླ་གཟའ་དང་བསྟུན་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་དམངས་གཉིས་མཉམ་འཛོམས་གནང་ཡོད།
གོ་ཐོས་ལྟར་ན་བོད་ནང་བོད་མི་ཚོས་སྐུའི་ཞབས་རིམ་སྒྲུབ་བཞིན་པ་དང་། དེ་བཞིན་ཕྱི་རྒྱལ་ཚོགས་པ་ཁག་དང་། བོད་རིགས་གཞིས་ཆགས་ཁག་གི་ནང་དེ་རིང་སྐུའི་བླ་གཟའ་དང་བསྟུན་ནས་ཞབས་རིམ་གསོག་སྒྲུབ་བྱེད་བཞིན་པའི་གནས་ཚུལ་ཐོས་པ་འདིར་ངོས་ཀྱི་བཀའ་ཤག་གི་ཚབ་བྱས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་ང་ཚོ་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཅིག་དང་། ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས། དེ་བཞིན་རང་ཅག་རྣམས་ལ་མགོན་པོ་གང་ཉིད་མཆོག་ལས་བཀའ་དྲིན་ཆེ་བ་ཞིག་གང་ནའང་མེད་པར་བརྟེན་༸གོང་ས་མཆོག་སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་ཕྱིར་ཨ་རིར་ཆིབས་སྒྱུར་བསྐྱངས་པར་བརྟེན་མི་མང་ཚོའི་སེམས་ནང་ཏན་ཏན་ཐུགས་འཚབ་ཡོང་ཡོད་ངེས་རེད།
ཡིན་ནའང་ཉིན་ཤས་གོང་བཀའ་ཤག་ནས་མི་མང་ཚོར་ཐུགས་ཁྲལ་གནང་མི་དགོས་ཞེས་ཞུས་པ་ཡིན། སྤྱི་ཡོངས་ནས་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པ་དེ་སྔ་གང་ཉིད་མཆོག་གི་ཞལ་སྔ་ནས་ཀྱང་གསུངས་ཡོད་པ་མ་ཟད། སྐུའི་སྨན་པ་རྣམ་པས་ཀྱང་སྐུའི་འཕྲོད་བཞེས་ཡག་པོ་ཡོད་པ་གསུངས་ཡོད། ཉེ་ཆར་མ་ཡོ་སྨན་ཁང་ནང་སྐུ་གཟུགས་ཀྱི་གནས་བབས་བརྟག་དཔྱད་གནང་བའི་རྗེས་སུ་སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་འདུག དེ་བཞིན་སྨན་བཅོས་ཡིན་ནའང་འཕྲོད་པོ་འདུག དེར་བརྟེན་ཐུགས་ཁྲལ་གནང་དགོས་མ་རེད། ཅེས་མ་ཡོ་སྨན་ཁང་ནས་གསལ་བསྒྲགས་བསྐྱངས་འདུག དེར་བརྟེན་མི་མང་རྣམ་པ་ཚོ་ཐུགས་ལྷོད་ལྷོད་གནང་རོགས་གནང་ཞུ་རྒྱུ་ཡིན།
སྤྱིར་ཨ་རིའི་ནང་ལོ་བཞི་བཅུར་ལོན་སྐབས་གཟུགས་གཞི་བརྟག་དཔྱད་བྱ་དགོས་ཞེས་སྨན་པས་ལམ་སྟོན་གནང་གི་ཡོད། ལོ་ལྔ་བཅུར་ལོན་སྐབས་ངེས་པར་དུ་གཟུགས་པོར་བརྟག་དཔྱད་བྱ་དགོས་པ་རེད། ཅེས་སྨན་པས་ནན་ཏན་བྱས་ནས་ལམ་སྟོན་གནང་གི་ཡོད། འགྲོ་སྟངས་ལྟར་ན་ལོ་དྲུག་ཅུ་ལོན་སྐབས་སྨན་བཅོས་བྱ་རྒྱུ་འགོ་འཛུགས་བྱེད་ཀྱི་ཡོད། འོན་ཀྱང་༸གོང་ས་མཆོག་དགུང་ལོ་བརྒྱད་ཅུར་སྐུའི་འཕྲོད་བཞེས་བརྟག་དཔྱད་མཛད་སྐབས་སྤྱི་ཡོངས་ནས་བལྟས་པ་ཡིན་ན་གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་ཧ་ཅང་ཡག་པོ་ཡོད་པ་འདི་ཧ་ཅང་གསལ་པོ་རེད། དེར་བརྟེན་མི་མང་རྣམ་པ་ཚོ་ཐུགས་ཁྲལ་མ་གནང་རོགས་གནང་ཞུ་རྒྱུ་ཡིན།
གཞི་རྩའི་བཀའ་ཤག་དང་ངོས་རང་གིས་མ་ཡོ་སྨན་ཁང་ལ་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་ཉིན་རེ་བཞིན་འབྲེལ་བ་བྱེད་བཞིན་པར་བརྟེན་ཉིན་རེ་བཞིན་གནས་ཚུལ་འབྱོར་ཡོང་གི་འདུག དེར་བརྟེན་བོད་ཕྱི་ནང་གཉིས་སུ་གནས་པའི་བོད་མི་ཚོ་ཐུགས་ཁྲལ་མ་གནང་རོགས་ཞུ་རྒྱུ་ཡིན། མ་ཡོ་སྨན་ཁང་ལྟ་བུར་མཚོན་ན་འཛམ་གླིང་ནང་སྙན་གྲགས་ཆེ་གྲས་ཤིག་ཡིན། སྨན་ཁང་འདིར་སྨན་པ་ཚད་ལྡན་ཡོད་པ་དང་། འཕྲུལ་ཆས་ཐོག་ནས་འཛམ་གླིང་ནང་ཚད་མཐོ་ཤོས་ཀྱི་འཕྲུལ་ཆས་ཡོད་པ་ཞིག་ཡིན། གང་ལྟར་འཛམ་གླིང་ནང་མཐུན་འགྱུར་ཡག་ཤོས་ཀྱི་སྨན་ཁང་ཞིག་ཡིན་པ་མ་ཟད། ད་བར་མ་ཡོ་སྨན་ཁང་ནང་གང་ཉིད་མཆོག་གི་སྐུའི་འཕྲོད་བཞེས་བརྟག་དཔྱད་ཐེངས་བཅུ་ཙམ་མཛད་ཡོད་སྟབས། སྨན་ཁང་དང་སྨན་པ་ཡིན་ནའང་ཐུགས་མངའ་ཡོད་པ་དང་། མཐུན་རྐྱེན་གྱི་ཆ་ནས་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན་ཐུགས་ཁྲལ་རྩ་ནས་གནང་དགོས་མ་རེད། ཅེས་ཞུ་རྒྱུ་ཡིན།
ང་རང་ཚོའི་ངོས་ནས་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཕྱིར་སྐུའི་ཞབས་རིམ་གསོག་སྒྲུབ་གང་མང་ཞུ་རྒྱུ་དང་། དད་པ་དང་དམ་ཚིག་བརྟན་པོ་བསྲུང་པ་ཡིན་ན་གང་ཉིད་མཆོག་སྐུ་ཚེ་ཡུན་རིང་བརྟན་ངེས་ཡིན། དེར་བརྟེན་ཚང་མས་ཐུགས་སྨོན་གསོལ་འདེབས་གནང་རོགས་གནང་ཞུ་རྒྱུ་ཡིན། །ཅེས་གསུང་བཤད་གནང་རྗེས་ཕྱི་དྲོ་ཆུ་ཚོད་ ༤ བར་ཞབས་རིམ་གསོག་སྒྲུབ་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་གྲྭ་བཙུན་སྔགས་གསུམ་ལ་སྐུ་འགྱེད་ཧིན་སྒོར་ ༡༠༠ རེར་ཕུལ་ཡོད།།