༢༠༡༦ ཟླ་ ༡ ཚེས་ ༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༣ ནས་ཚེས་ ༡༧ བར་ཉིན་གྲངས་བཅོ་ལྔའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་རྡ་ས་ནས་མུམ་བྷེ་དང་པུ་ནེ། འཇམ་ཁེ་དི། Jhamkhed ལྡི་ལི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཁུལ་དེའི་འཕྲོད་བསྟེན་བསྟི་གནས་ཆེ་ཁག་ནང་གཟིགས་སྐོར་དང་འབྲེལ་མི་སྣ་མཇལ་འཕྲད་དང་། འཕྲོད་བསྟེན་སྐོར་གྱི་ཟབ་སྦྱོང་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག ལས་འཆར་འདི་ནི་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ལོ་བཞིའི་ནང་བོད་མིའི་འཕྲོད་བསྟེན་ལས་གཞིའི་ནུས་པ་གོང་མཐོར་གཏོང་རྒྱུར་དམིགས་པའི་ལས་འཆར་འོག ཨ་རིའི་རོགས་སྐྱོབ་ཚན་པས་ USAID མཐུན་འགྱུར་གནང་བ་ཞིག་ཡིན་སྟབས། ཐེངས་འདིར་འཕྲོད་བསྟེན་བཀའ་བློན་མཆོག་དང་འབྲེལ་ཡོད་ལས་བྱེད་རྣམ་པས་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་དང་ཇམ་ཁེ་དི། དེ་བཞིན་པུ་ནེ་སོགས་ཀྱི་སྨན་ཁང་ཁག་ཏུ་གཞི་རིམ་འཕྲོད་བསྟེན་གྱི་ལས་གཞི་དང་། སྤྱི་ཚོགས་འཕྲོད་བསྟེན་ལས་གཞི། དེ་བཞིན་གློ་ནད་བཅོས་ཐབས་སོགས་ལ་རྟོག་ཞིབ་གནང་རྒྱུ་ཡིན་འདུག
གཞན་ཡང་ཕྱི་ཟླ་ ༡ ཚེས་ ༡༡ ནས་ཕྱི་ཚེས་ ༡༥ བར་བཀའ་བློན་མཆོག་དང་འབྲེལ་ཡོད་ལས་བྱེད་རྣམ་པས་རྒྱ་གར་རྒྱལ་ས་ལྡི་གསར་པའི་ནང་རྟེན་གཞི་བྱས་པའི་སྨན་ཁང་དང་འཕྲོད་བསྟེན་འཛིན་སྐྱོང་བསྟི་གནས་ཁང་དུ་ཉིན་གྲངས་ལྔའི་རིང་ཟབ་སྦྱོང་ནང་མཉམ་ཞུགས་གནང་རྒྱུ་ཡིན་འདུག སྤྱིར་ཐེངས་འདིར་འཕྲོད་བསྟེན་བཀའ་བློན་མཆོག་དང་ལྷན་འབྲེལ་ཡོད་འཕྲོད་བསྟེན་ལས་བྱེད་བློ་བཟང་ཚེ་རིང་ལགས་ལྷན་བཅར་ཞུས་ཡོད་འདུག ཕྱི་ཟླ་ ༡ ཚེས་ ༡༨ སྔ་དྲོར་བཀའ་བློན་མཆོག་རྡ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་འདུག་པ་བཅས། །