༢༠༡༦ ཟླ་ ༡ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལྕམ་སྐུ་ཚའི་ཨིང་ཝིན་ Tsai Ing-wen མཆོག་ལ་ཐེངས་འདིར་ཐེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་ནས་ཡུལ་དེའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲི་ཞུས་པའི་ནང་འཁོད་དོན།
སྐུ་ཉིད་མཆོག་དང་སྐུ་ཉིད་མཆོག་གི་ཆབ་སྲིད་ཚོགས་པར་ཐེངས་འདིར་ཐེ་ཝན་རྒྱལ་ཡོངས་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱལ་ཁ་འདི་ལྟ་བུ་ནི་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་ཙམ་དུ་མ་ཟད། ཐེ་ཝན་མང་གཙོའི་ལོ་རྒྱུས་ཁྲོད་བུད་མེད་ཞིག་སྲིད་འཛིན་དུ་འོས་འདེམས་བྱུང་བ་ཐོག་མ་ཆགས་ཡོད། རྒྱལ་ཁ་འདི་ནི་སྐུ་ཉིད་མཆོག་གིས་སྣེ་ཁྲིད་པའི་མང་གཙོ་ཡར་ཐོན་ཚོགས་པར་འོས་ཤོག་འཕེན་མཁན་རྣམས་ལ་རྒྱལ་ཁ་ཐོབ་པ་ཞིག་དང་འཛམ་གླིང་ཁྱོན་དུ་མང་གཙོའི་སྤྱི་ཚོགས་ལ་བློ་སྟོབས་སྤེལ་གཞི་ཞིག་ཡིན། སྐུ་ཉིད་མཆོག་གིས་དེ་སྔ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་ཡོད་པ་མ་ཟད། སྐུ་ཉིད་མཆོག་གི་ཆབ་སྲིད་ཚོགས་པ་ནི་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན། སྐུ་ཉིད་མཆོག་གི་ཤེས་འཇོན་གཉིས་ལྡན་གྱི་ལམ་སྟོན་དབུ་ཁྲིད་འོག་ཐེ་ཝན་གྱི་དུས་རབས་གསར་པའི་ལམ་བུའི་ཐོག་རང་དབང་དང་ཡར་རྒྱས། ཞི་བདེའི་འོད་སྣང་ཕྱོགས་བཅུར་འཕྲོ་བར་གདོན་མི་ཟ། ང་ཚོས་སྐུ་ཉིད་མཆོག་གི་སྲིད་གཞུང་གསར་པས་བོད་ཀྱི་གནད་དོན་དེ་ཐེ་ཝན་གཞུང་གི་གལ་གནད་ཆེ་བའི་གནད་དོན་ཞིག་ལ་ངོས་འཛིན་གནང་རོགས་ཞེས་སྙིང་ཐག་པ་ནས་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་ཚོགས་དྲུང་སྟོབས་རྒྱལ་ལགས་ཀྱིས་འཚམས་འདྲིའི་གསུང་འཕྲིན་ནང་བཀོད་འདུག །