ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར་རྣམ་པ། བཀའ་དྲུང་ཡིག་ཚང་གི་སྲི་ཞུའི་ལས་བྱེད་བཅས་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་མདུན་དུ་ལྷན་འཛོམས་ཀྱིས། རྒྱ་གར་གྱི་རྒྱལ་གླུ་འབུལ་མུར་སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྟེ། རྒྱ་གར་གྱི་མང་གཙོའི་དུས་དྲན་(Republic Day)ཐེངས་ ༦༧ པ་སྲུང་བརྩི་ཞུས་ཡོད།
དེ་ཡང་དུས་དྲན་གྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསར་འགོད་པ་ཚོར། རྒྱ་གར་མང་གཙོའི་དུས་དྲན་ཉིན་མོ་འདིར་ངས་སྐབས་ ༡༤ པའི་བཀའ་ཤག་གི་ཚབ་ཞུས་ཏེ་རྒྱ་གར་གཞུང་དམངས་ཡོངས་ལ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་དང་། ད་བར་རྒྱ་གར་གཞུང་དམངས་གཉིས་ནི་བོད་མི་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན། ངོས་ཀྱི་དེ་རིང་གི་གོ་སྐབས་འདི་བཟུང་ནས་རྒྱ་གར་གཞུང་དམངས་གཉིས་ལ་བསྐྱར་དུ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན།
དེ་རིང་རྒྱ་གར་མང་གཙོ་དུས་ཆེན་ཐེངས་ ༦༧ པའི་སྐུ་མགྲོན་གཙོ་བོ་ཕ་རན་སིའི་སྲིད་འཛིན་ཕ་རན་ཁོ་ཨིས་ཧོ་ལན་ཌི་ François Hollande མཆོག་ཕེབས་གནང་གི་ཡོད་པ་དེར་ཁོང་ལ་རྒྱ་གར་ནང་ཡོད་པའི་ང་ཚོ་བོད་མི་ཚོས་དགའ་བསུ་དང་འཚམས་འདྲི་ཡོད་ཞུ་རྒྱུ་ཡིན།
རྒྱ་གར་རྒྱལ་ཁབ་ནི་འཚེ་མེད་ཞི་བ་ལ་བརྟེན་ནས་རང་དབང་བསྐྱར་གསོའི་རྒྱལ་ཁ་ཐོབ་ཐུབ་པ་བྱུང་ཞིང་། ལྷག་པར་དེང་སྐབས་རྒྱ་གར་ནི་མང་གཙོ་ཡང་དག་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན་ང་ཚོ་བོད་མི་ཚོས་རྩ་དོན་རྩོད་ཐབས་ཀྱི་ཐོག་བླང་དགོས་པའི་ལེགས་ཆ་ཡོད་སྐོར་དང་།
དེ་བཞིན་སྲིད་སྐྱོང་མཆོག་རྡ་སར་ནམ་བཞུགས་ལ་རྡ་སའི་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་མང་གཙོའི་དུས་དྲན་མཛད་སྒོར་ཀངྒ་ར་རྫོང་ལས་ཁུངས་ཀྱིས་མགྲོན་འབོད་ལྟར་ལོ་ལྟར་ ཕེབས་ཀྱི་ཡོད་པ་དང་།
དེ་ལྟར་ཕེབས་དགོས་པའི་རྒྱུ་མཚན་ཡང་གཙོ་བོ་རྒྱ་གར་གཞུང་དམངས་གཉིས་ལ་འཚམས་འདྲིའི་གུས་བརྩི་དང་། ཆེད་མཐོང་ཞུ་ཆེད་ཡིན། ཞེས་གསུང་བཤད་གནང་སྟེ་བཀའ་ཤག་ཚོམས་ཆེན་ནང་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་རྟེན་འབྱུང་གསོལ་ཇ་བཞེས་ཏོག་འདེགས་འབུལ་གནང་།
དེ་བཞིན་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ཀངྒ་ར་རྫོང་ལས་ཁུངས་ཀྱིས་གོ་སྒྲིག་འོག རྡ་སའི་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་མང་གཙོའི་དུས་དྲན་མཛད་སྒོར་ཀངྒ་ར་རྫོང་ ལས་ཁུངས་ཀྱིས་མགྲོན་འབོད་ལྟར་སྲིད་སྐྱོང་མཆོག་ཐེངས་འདིའི་སྐུ་མགྲོན་དུ་མཉམ་ཞུགས་གནང་ཡོད་པ་བཅས། །