ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །འདི་གར་ནང་སྲིད་ལས་ཁུངས་ཀྱི་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྡ་ས་མེག་ལོར་གན་ཇི་དགུ་བཅུ་གསུམ་གྱི་ཉེ་འགྲམ་དུ་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་དང་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ཆེད་ཁང་མིག་བཅུ་དྲུག་ཅན་གྱི་ལས་ཤག་གསར་བཟོའི་ལས་གཞི་འགྲོ་མུས་དེར་གཟིགས་ཞིབ་གནང་འདུག
ལས་གཞི་འདིར་དཔལ་འབྱོར་མཐུན་འགྱུར་གནང་མཁན་ཨི་ཊ་ལིར་རྟེན་གཞི་བྱས་པའི་ཝི་མ་ལ་མཐུན་ཚོགས་ Vimala Association ཡིན་འདུག་པ་དང་། ལས་གཞི་དེ་ཉིད་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡ ནས་འགོ་འཛུགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡ ཉིན་མཇུག་སྒྲིལ་རྒྱུ་ཡིན་འདུག
གཞན་ཡང་ནང་སྲིད་བཀའ་བློན་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༤ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་ཆུང་གི་གོ་སྒྲིག་འོག ཅོན་ཏཱ་རར་བོད་ཁྱིམ་ནང་ཟླ་གཅིག་རིང་བོད་པའི་སློབ་གྲྭ་ཁག་བརྒྱད་ནས་བོད་ཀྱི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་གི་རྩེད་འགྲན་ནང་མཉམ་ཞུགས་གནང་བའི་བུད་མེད་རྩེད་འགྲན་པ་དེ་དག་ལ། ནང་སྲིད་ལས་ཁུངས་ཀྱིས་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པས་གོ་སྒྲིག་གནང་ཐོག་རྩེད་འགྲན་པ་སློབ་མ་དེ་དག་ཉིན་གཅིག་རིང་ལྷན་ཁང་ཁག་ལ་སྐོར་བསྐྱོད་དང་ངོ་སྤྲོད་གནང་བ་མ་ཟད། ནང་སྲིད་བཀའ་བློན་མཆོག་དང་ཐུག་འཕྲད་གནང་འདུག་པ་བཅས། །