ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ རེས་གཟའ་ལྷག་པ།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་ཟུང་འབྲེལ་ཐོག་སྐབས་གཉིས་པའི་གཞུང་ཆེན་རིགས་གཅིག་རྐང་འཛིན་གནང་མཁན་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་ནས་ཕེབས་པའི་དགེ་འདུན་པ་ཁག་གཅིག་ལ་འདི་ཟླའི་ཚེས་ ༢༣ ནས་ ༢༥ བར་ཉམས་ཞིབ་རིག་པའི་ཟབ་སྦྱོང་ཞིག་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༣ ཉིན་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་མཁས་དབང་དགེ་བཤེས་ཡེ་ཤེས་ཐབས་མཁས་ལགས་སྐུ་མགྲོན་གཙོ་བོར་དང་། ངེས་སྟོན་པ་བློ་བཟང་ནོར་བུ་ཤཱསྟྲི་ལགས་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ཀྱིས་དབུ་འབྱེད་མཛད་སྒོ་ཞིག་ཚོགས། དེ་ནས་ཉིན་གསུམ་རིང་དུས་ཚིགས་རེའུ་མིག་གཏན་འབེབས་གཞིར་བཟུང་ཌོགཊཱར་སྤེན་པ་རྡོ་རྗེ་ལགས་དང་། ཌོགཊཱར་བཀྲིས་ཚེ་རིང་ལགས། སློབ་དཔོན་ལྷག་པ་ཚེ་རིང་ལགས། ཨཅརྱ་རྒྱལ་མཚན་རྣམ་གྲོལ་ལགས། ཌོགཊཱར་དབང་ཕྱུག་རྡོ་རྗེ་ནེ་གི་ལགས། དགེ་བཤེས་གཡུང་དྲུང་དགེ་ལེགས་ལགས། ཌོགཊཱར་བློ་བཟང་རྡོ་རྗེ་རབ་གླིང་ལགས། དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་ལགས། ངག་དབང་ཚེ་དཔག་ཤཱསྟྲཱི་ལགས། ཌོགཊཱར་བནཱརསཱི་ལཱལ་ལགས་བཅས་ནས་ཉམས་ཞིབ་རིག་པའི་ཐབས་ལམ་དང་། ལྟ་གྲུབ་ཀྱི་གཞུང་ལ་ཉམས་ཞིབ་བྱེད་ཕྱོགས། ཉམས་ཞིབ་ཀྱི་དཔྱད་རྩོམ་འབྲི་ཚུལ། གསང་སྔགས་ཀྱི་གཞུང་ལ་ཉམས་ཞིབ་བྱེད་ཕྱོགས། ཉན་ཐོས་དང་ཐེག་ཆེན་གྱི་ལྟ་གྲུབ་ལ་ཉམས་ཞིབ་བྱེད་ཕྱོགས། གཡུང་དྲུང་བོན་གྱི་སྔགས་གཞུང་ལ་ཉམས་ཞིབ་བྱེད་ཕྱོགས། ཕར་ཕྱིན་དང་མངོན་པའི་གཞུང་ལ་ཉམས་ཞིབ་བྱེད་ཕྱོགས། དེང་དུས་ཉམས་ཞིབ་རིག་པ། ལུང་ཁུངས་འཚོལ་ཞིབ་དང་མཆན་འགོད་བྱེད་སྟངས་བཅས་ཀྱི་བརྗོད་གཞི་སོ་སོར་གསུང་བཤད་དམ་སློབ་ཁྲིད་གནང་།
ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཙམ་ལ་ངེས་སྟོན་པ་བློ་བཟང་ནོར་བུ་ཤཱསྟྲི་ལགས་སླར་ཡང་གདན་དྲངས་དབུ་བཞུགས་ཐོག་མཇུག་བསྡོམས་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཏེ་ལས་འཆར་ལེགས་གྲུབ་བྱུང་། ཟུང་དྲུང་ཐུབ་བསྟན་ཚེ་རིང་ལགས་ཟབ་སྦྱོང་གོ་སྒྲིག་གི་ལས་དོན་སྒྲུབ་ཕྱིར་ཝཱ་ཎ་མཐོ་སློབ་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱང་བྱས་ཡོད།
ཟབ་སྦྱོང་བ་རྣམས་ནི་ཕྱི་ལོ་ ༢༠༡༥ ལོར་ཆོས་རིག་ལས་ཁུངས་ཀྱི་གཞུང་ཆེན་རིགས་གཅིག་རྐང་འཛིན་ལས་རིམ་ཁོངས་སུ་བདམས་ཐོན་བྱུང་བའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་སྡེ་ཁག་ནས་བསླབ་པ་མཐར་སོན་དགེ་བཤེས་དང་སློབ་དཔོན་རིགས་ཡིན་ཅིང་། ཁོང་རྣམས་ནས་ལས་རིམ་གྱི་དམིགས་ཡུལ་དང་སྒྲིག་གཞིའི་དགོངས་དོན་ཕར་ཕྱིན་དང་དབུ་མ་སོགས་གཞུང་ཆེན་གཅིག་གི་ཐོག་ལ་དམིགས་བཀར་སློབ་གཉེར་གནང་བཞིན་ཡོད།
གཞུང་ཆེན་རིགས་གཅིག་རྐང་འཛིན་གྱི་ལས་རིམ་དེ་ཉིད་ཕྱི་ལོ་ ༢༠༡༡ ལོར་ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་བསྩལ་བའི་བཀའ་སློབ་དགོངས་དོན་གསར་གཏོད་ལག་བསྟར་གནང་བ་ཞིག་ཡིན་པ་བཅས། །