༢༠༡༦ ཟླ་ ༡ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཉི་ཧོང་རྒྱལ་ས་ཊོག་ཁྱོའི་ནང་དུ་རྟེན་གཞི་བྱས་པའི་གོ་ཀོ་ཀུ་ཇེ་དགོན་པའི་ནང་བོད་དོན་ཐོག་དོ་སྣང་གནང་མཁན་གྱི་ཉི་ཧོང་མི་རིགས་ཁག་གཅིག་ལ་བོད་ཀྱི་ཁོར་ཡུག་སྐོར་གསུང་བཤད་གནང་གྲུབ་མཚམས། ཉི་ཧོང་ཁུལ་གྱི་གསར་འགོད་ལྷན་ཚོགས་ཐོག་ད་ལྟའི་བོད་ཀྱི་ཆབ་སྲིད་གནས་སྟངས་སྐོར་གསུང་བཤད་གནང་དོན།
གོང་དུ་ངོས་ཀྱིས་བོད་ཀྱི་ཁོར་ཡུག་སྐོར་སྐད་ཆ་བཤད་ཟིན། ད་ཆ་བོད་ནང་གི་ཆབ་སྲིད་དང་འབྲེལ་བའི་གནད་དོན་གཙོ་བོ་གཉིས་སྐོར་ལ་ཞུ་རྒྱུ་ཡིན། དེ་སྔ་ལྷོ་ཨ་ཕི་རི་ཀའི་ནང་དུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་སྐབས་དང་དེང་སྐབས་བྱང་ཀོ་རི་ཡའི་ནང་དུ་དམ་བསྒྲགས་ཀྱི་སྲིད་བྱུས་ grid system ལག་བསྟར་བྱེད་བཞིན་པ་དང་མཚུངས་པར་རྒྱ་ནག་གཞུང་གིས་དེང་དུས་ཚད་མཐོའི་འཕྲུལ་ཆས་ལམ་ནས་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ཐོག་དམ་བསྒྲགས་ཧ་ཅང་བྱེད་བཞིན་ཡོད། དཔེར་ན། བོད་མི་གྲོང་གསེབ་པ་དང་འབྲོག་པ། ཞིང་པ་སོགས་ལྷ་སའི་ཁུལ་དུ་བསྐྱོད་པ་ཡིན་ན། རྒྱ་ནག་གཞུང་གིས་ངོ་སྤྲོད་ལག་འཁྱེར་རེ་སྤྲོད་བཞིན་ཡོད། ལག་འཁྱེར་དེ་དག་དེང་དུས་འཕྲུལ་ཆས་ Biometric technologies ཡིན་སྟབས་བོད་མི་དེ་དག་དགོན་པ་སོགས་སུ་མཆོད་མཇལ་དུ་བསྐྱོད་སྐབས་དགོན་པའི་རྒྱལ་སྒོའི་མཚམས་སུ་འགག་སྒོ་བཙུགས་ནས་ཉེན་རྟོག་པས་བོད་མི་དེ་དག་གི་ལག་འཁྱེར་ངོ་སྤྲོད་ཞིབ་བརྩད་བྱེད་སྐབས་བོད་མི་དེ་དག་གི་ངོ་སྤྲོད་ཙམ་མ་ཟད། ནང་མིའི་ལོ་རྒྱུས་སོགས་རྒྱབ་ལྗོངས་ཀྱི་གནས་སྟངས་ཆ་ཚང་ལམ་སེང་ཤེས་རྟོགས་ཐུབ་ཀྱི་ཡོད་སྟབས། དགོས་གལ་བྱུང་ཚེ་བོད་མི་དེ་དག་ཐོག་དམ་བསྒྲགས་བྱེད་ཆོག་ཡོད། ཐབས་ལམ་དེ་རིགས་བརྒྱུད་རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བསྐྱོད་ཀྱི་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད།
གནད་དོན་གཞན་ནི། བོད་ཀྱི་གྲོང་གསེབ་ཁག་གྲོང་འཁྱེར་ཅན་དུ་བསྒྱུར་རྒྱུའི་ལས་གཞི་ urbanization ལག་བསྟར་བྱ་རྒྱུ་དེ་ཡིན། ཡར་རྒྱས་གཏོང་རྒྱུའི་ལས་གཞིའི་གནས་སྟངས་ཐོག་ནས་བལྟས་པ་ཡིན་ན། གཞིས་ཀ་རྩེ་དང་ཉིང་ཁྲི། ཆབ་མདོ་བཅས་གྲོང་ཁྱེར་གྱི་ངོ་བོར་བསྒྱུར་བ་དེ་དག་ཡག་པོ་རེད། བསྔགས་འོས་ཤིག་རེད། འོན་ཀྱང་གྲོང་རྡལ་གཅིག་གྲོང་ཁྱེར་ངོ་བོར་བསྒྱུར་རྗེས་ས་གནས་མང་ཚོགས་ཁོ་ནར་ཡོད་པའི་ཐོབ་ཐང་དེ་དག་ལ་བརྡལ་བཤིག་འགྲོ་བཞིན་ཡོད། དཔེར་ན། གྲོང་ཁྱེར་དུ་བསྒྱུར་རྗེས་ཕྱི་མི་སུ་ཡིན་རུང་གནས་སྡོད་ཆོག་པ་ཙམ་དུ་མ་ཟད། ཚོང་ལས་སོགས་གཉེར་ཆོག ད་ཆ་རྒྱ་ནག་གཞུང་གིས་གོང་སྨོས་བོད་ཀྱི་ས་ཁུལ་གསུམ་གྲོང་ཁྱེར་ཅན་དུ་བསྒྱུར་ཟིན་བསྟབས། ས་ཁུལ་དེ་དག་ནང་དུ་རྒྱ་མི་རིགས་སུ་ཡིན་རུང་སྡོད་ཆོག་པ་དང་། ཚོང་ལས་སོགས་གཉེར་ཆོག དཔེར་ན་བོད་ཀྱི་རྒྱལ་ས་ན་ལྷ་སའི་གནས་བབས་དེ་གྲོང་ཁྱེར་ཅན་དུ་བསྒྱུར་བར་བརྟེན་ད་ཆ་ཁུལ་དེར་གནས་ཚོང་ཁང་དང་ཟ་ཁང་། སྤྱི་སྤྱོད་རླང་འཁོར་སོགས་ཚོང་ལས་ཁང་བརྒྱ་ཆ་ ༨༠ ཙམ་གྱི་སྦྱིན་བདག་དང་ཡང་ན་ལས་དོན་དེ་དག་རྒྱ་རིགས་ཚོས་གཉེར་བཞིན་ཡོད། ངོས་ཀྱིས་བོད་ནང་དུ་བོད་མི་རྣམས་དཔལ་འབྱོར་ཟུར་འབུད་བྱེད་བཞིན་ཡོད་པ་བརྗོད་སྐབས་བོད་རིགས་ཁོ་ནར་ཐོབ་དགོས་པའི་ཚོང་ལས་དང་འཛུགས་སྐྲུན་སོགས་ཀྱི་གོ་སྐབས་དེ་དག་ད་ཆ་རྒྱ་རིགས་ཚོར་ཐོབ་བཞིན་ཡོད། གང་ཡིན་བརྗོད་ན་གྲོང་ཁྱེར་གྱི་ངོ་བོར་བསྒྱུར་ཟིན་སྟབས་ཕྱི་ནས་རྒྱ་རིགས་སུ་ཡིན་རུང་རྒྱལ་ས་ལྷ་སའི་ནང་ཡོང་ཆོག་པ་མ་ཟད། ཚོང་ལས་གཉེར་ཆོག དེ་ལྟ་བུའི་དཔལ་འབྱོར་ཟུར་འབུད་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། དེར་བརྟེན་ད་ཆ་ཆབ་མདོ་དང་། ཉིང་ཁྲི། གཞིས་ཀ་རྩེ་གསུམ་གྲོང་ཁྱེར་ངོ་བོར་བསྒྱུར་ཟིན་སྟབས་ས་ཁུལ་དེ་དག་ནང་དུ་དེ་སྔ་ལས་རྒྱ་རིགས་མང་བ་གནས་སྤོ་བྱས་ནས་ཚོང་ལས་སྤེལ་བཞིན་ཡོད། དེར་བརྟེན་ས་ཁུལ་དེ་དག་ནང་ས་གནས་བོད་རིགས་རྣམས་རང་བཞིན་གྱི་གྲངས་ཉུང་མི་རིགས་ཆགས་རྒྱུ་མ་ཟད། དཔལ་འབྱོར་ཟུར་འབུད་བྱེད་བཞིན་ཡོད།
གནད་དོན་གཞན་ཞིག་འདིར་ཞུ་འདོད་བྱུང་བ་ནི་༸གོང་ས་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་སྐོར་ཡིན། བར་ལམ་གསར་ལམ་ཁག་ཏུ་རྒྱ་ནག་གཞུང་གིས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་ཞུ་རྒྱུའི་དབང་ཆ་ཡོད་ཚུལ་བཤད་ཡོད།
རྒྱ་ནག་གཞུང་དང་རྒྱ་ནག་གུང་ཁྲན་ཏང་གཉིས་ཀར་ཡང་སྲིད་སྐོར་དང་ལྷག་པར་༸གོང་ས་སྐུ་ཕྲེང་ ༡༤ པ་ཆེན་མཆོག་གི་༸སྐུའི་ཡང་སྲིད་སྐོར་ལ་ཐེ་བྱུས་བྱ་རྒྱུའི་དབང་ཚད་རྩ་བ་ཉིད་ནས་མེད། རྒྱུ་མཚན་ནི། དང་ཐོག་ཁོ་པ་ཚོའི་རྒྱབ་ལྗོངས་ཀྱི་གནས་སྟངས་ལ་གཟིགས་དགོས། རྒྱ་ནག་གཞུང་གིས་བོད་ནང་གི་དགོན་པ་གྲྭ་ཚང་དང་། བཙུན་དགོན་སོགས་བརྒྱ་ཆ་ ༩༨ རྩ་མེད་དུ་བཏོང་ཡོད་པ་མ་ཟད། གྲྭ་བཙུན་བརྒྱ་ཆ་ ༩༩།༩༩ ཙམ་ལ་བཙན་དབང་འོག་ཁྱད་གསོད་དང་མཐོང་ཆུང་སྣ་ཚོགས་བྱས་རྗེས་མཐར་མི་འདོད་བཞིན་དུ་གྲྭ་བཙུན་དེ་དག་སྐྱ་སར་ཕབ་བཅུག་ནས་ནང་ཆོས་ཉམས་ལེན་བྱེད་མི་ཆོག་པའི་བཙན་བཀའ་བཏང་ཡོད། རྒྱ་ནག་གཞུང་གིས་ནང་པའི་དགོན་པ་དང་ལྷ་ཁང་སོགས་ནང་ཡོད་པའི་བཀའ་བསྟན་གཙོ་བོར་གྱུར་བའི་གླེག་བམ་དང་བོད་ཀྱི་ཐུན་མིན་རིག་གནས་ཆེ་ཆུང་སྣ་ཚོགས་ཀྱི་གཞུང་རྣམས་མེར་སྲེག་བཏང་ཡོད།
དམར་པོའི་འགོ་ཁྲིད་སྤྱི་མཚུངས་ལྟར་མའོ་ཙེ་ཏུང་ནས་ཀྱང་ཆོས་དེ་དུག་རེད། ཅེས་བཤད་ཡོད། དེར་བརྟེན་བོད་བརྒྱུད་ནང་བསྟན་གཏོར་བཤིག་བཏང་བའི་རྒྱབ་ལྗོངས་ལོ་རྒྱུས་ཡོད་བཞིན་དུ་ད་ཆ་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བླ་མའི་ཡང་སྲིད་སྐོར་ཐེ་བྱུས་བྱེད་དགོས་པའི་རྒྱུ་མཚན་གང་ཡིན།
ཕྱོགས་གཞན་ནས་གལ་ཏེ་ཆོས་མེད་སྨྲ་བ་དང་། ཆོས་དུག་ཏུ་ལྟ་མཁན་ཞིག་ཡིན་ཕྱིན་བླ་མའི་ཡང་སྲིད་སྐོར་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན། ཅི་སྟེ་ཁོ་པ་ཚོར་བླ་མའི་ཡང་སྲིད་སྐོར་ལ་དོ་སྣང་དེ་འདྲ་ཤུགས་ཆེན་པོ་ཡོད་ཚེ་དང་ཐོག་ཁོ་པ་ཚོས་མའོ་ཙེ་ཏུང་དང་ཏིང་ཞའོ་ཕིན། ཀྲུའུ་ཨེན་ལེ་བཅས་ཀྱི་ཡང་སྲིད་འཚོལ་དགོས། གང་ཡིན་བརྗོད་ན་ཁོ་པ་ཚོ་རྒྱ་ནག་གམ་རྒྱ་ནག་གུང་ཁྲན་ཏང་གི་མེས་པོ་ཡིན། ཁོ་པ་ཚོས་གུང་ཁྲན་ཏང་གི་མེས་པོ་ཚོའི་ཡང་སྲིད་རྣམས་རྩད་གཅོད་ཐུབ་རྗེས་ཡང་སྲིད་འཚོལ་རྒྱུའི་ཉམས་མྱོང་དེར་གཞི་བཅོལ་ནས་ང་ཚོས་ཁོ་པ་ཚོར་ཡིག་རྒྱུགས་ཅིག་གཏོང་རྒྱུ་ཡིན། ཡིག་རྒྱུགས་འཕྲོད་པ་ཡིན་ན་གཞི་ནས་བོད་བརྒྱུད་ནང་བསྟན་གྱི་བླ་མའི་ཡང་སྲིད་སྐོར་ཐེ་བྱུས་བྱེད་ཆོག་རྒྱུ་རེད། འདི་ནི་བོད་བརྒྱུད་ནང་བསྟན་གྱི་བླ་མའི་ཡང་སྲིད་བརྩད་འཚོལ་ཐོག་རྒྱ་ནག་གཞུང་ལ་ཐེ་བྱུས་གང་ཡང་མེད་པའི་གནས་སྟངས་ཇི་འདྲ་ཡིན་མིན་ཆབ་སྲིད་ཐོག་ནས་འགྲེལ་བརྗོད་བྱས་པ་ཞིག་ཡིན། ཆོས་ཕྱོགས་ཐོག་ནས་འགྲེལ་བཤད་བརྒྱབ་པ་ཡིན་ན། ཡང་སྲིད་ཕེབས་སྐབས་བླ་མ་གོང་མ་དེ་དགོངས་པ་རྫོགས་ནས་རྣམ་ཤེས་དེ་མའི་མངལ་དུ་ཉིང་མཚམས་སྦྱར་གྱི་ཡོད། ཉིང་མཚམས་མ་སྦྱར་གོང་ཡུམ་སུ་ཞིག་གི་མངལ་དུ་ཉིང་མཚམས་སྦྱར་དགོས་པ་དང་། ས་གནས་ཇི་འདྲ་ཞིག་དང་དུས་ནམ་ཞིག་ལ་ཉིང་མཚམས་སྦྱར་དགོས་མིན་སོགས་བླ་མ་རང་ཉིད་ལ་སྐུ་དབང་ཆ་ཚང་ཡོད་པ་ལས། ཞིང་གཤེགས་བླ་མ་ག་གེ་མོ་དེར་ཁྱེད་ཀྱི་ཡང་སྲིད་ངེས་པར་དུ་ཕེབས་དགོས། ཞེས་བཙན་དབང་འོག་ཡང་སྲིད་འཁྲུངས་པའི་ལུགས་སྲོལ་དེ་འདྲ་ད་བར་རྩ་བ་ཉིད་ནས་བྱུང་མྱོང་མེད།
ཕྱོགས་མཚུངས་གཏན་ཚིགས་རིག་པའི་ཐོག་ནས་བརྗོད་པ་ཡིན་ནའང། བླ་མའི་ཡང་སྲིད་ཕེབས་པའི་དམིགས་ཡུལ་གཙོ་བོ་དེ་སྐུ་སྐྱེས་སྔོན་མའི་མཛད་པ་མཐའ་སྐྱོང་ཆེད་ཕེབས་ཀྱི་ཡོད། དེར་བརྟེན་བཙན་བྱོལ་དུ་འཐབ་རྩོད་མཛད་བཞིན་པའི་སྐབས་སུ་དགོངས་པ་རྫོགས་ཚེ་འཐབ་རྩོད་རྒྱུན་སྐྱོང་ཆེད་ཡང་སྲིད་དེ་ཡང་བཙན་བྱོལ་རང་དུ་འཁྲུངས་དགོས་པའི་གནས་སྟངས་ཆགས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་གལ་ཏེ་༸གོང་ས་མཆོག་བཙན་བྱོལ་དུ་དགོངས་པ་གཞན་དོན་དུ་གཤེགས་པ་ཡིན་ན། གཏན་ཚིགས་རིག་པའི་རྣམ་གཞག་ཐོག་ནས་༸སྐུའི་ཡང་སྲིད་དེ་ཡང་བཙན་བྱོལ་དུ་བྱོན་དགོས་པ་ཆགས་ཡོད། དེ་ལས་ལྡོག་སྟེ་ཆོས་དད་རང་དབང་རྩ་བ་ཉིད་ནས་མེད་པའི་རྒྱ་ནག་ནང་དུ་ཡང་སྲིད་འཁྲུངས་དགོས་པའི་རྒྱུ་མཚན་གང་ཡང་མེད། ལྷག་པར་དུ་རྒྱ་ནག་གུང་ཕྲན་ཚོགས་པས་༸གོང་ས་མཆོག་བདུད་རེད། ལུག་ལྤགས་གྱོན་པའི་སྤྱང་ཁྱི་རེད། ཅེས་མཚན་སྨད་ཡོད་ཚད་ཞུས་དང་ཞུ་མུས་རེད། ཁོ་པ་ཚོར་དེ་འདྲ་བྱེད་རྒྱུ་དགའ་པོ་ཡོད། ད་ཆ་ཁོ་པ་ཚོས་བདུད་རེད། ཅེས་སྐྱོན་མཚན་སྨད་ཞུ་ས་དེའི་ཡང་སྲིད་འཚོལ་རྒྱུར་དོ་སྣང་དང་སེམས་འཚབ་ཧ་ཅང་བྱེད་བཞིན་ཡོད། ཕྱོགས་མཚུངས་ལོ་རྒྱུས་ཐོག་ནས་བརྗོད་ནའང་༸གོང་ས་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་བྱོན་མ་བྱོན་དེ་བོད་མི་རྒྱ་ཆེ་མང་ཚོགས་ཀྱིས་ཐག་གཅོད་གནང་རྒྱུ་རེད། ལྷག་པར་ད་བར་༸རྒྱལ་བའི་ཡང་སྲིད་ངོས་འཛིན་ཞུ་མཁན་བོད་མི་དང་བོད་ཀྱི་བླ་ཆེན་ཁོ་ནར་བདག་དབང་ཡོད་པ་ལས་རྒྱ་ནག་གཞུང་ལ་དབང་ཆ་རྩ་བ་ཉིད་ནས་མེད།
སྐབས་ཤིག་ལ་རྒྱ་ནག་གཞུང་གིས་གསར་ཤོག་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༣ དགོངས་པ་གཞན་དོན་དུ་གཤེགས་ནས་ཕྱི་ལོ་ ༡༩༤༠ ལོའི་ཕྱི་ཟླ་ ༢ ཚེས་ ༢༢ ཉིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གི་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོའི་སྐབས་ལམ་སྲོལ་ལྟར། ཀྲུང་དབྱང་སྲིད་གཞུང་གི་འཐུས་ཚབ་ཝུའུ་ཀྲུང་ཤིན་གྱིས་ཁྲི་འདོན་མཛད་སྒོའི་གཙོ་སྐྱོང་བྱས་ཡོད་ཚུལ་བསྒྲགས་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་བཤད་པ་དེར་ཕྱི་ལོ་ ༡༩༨༩ ཕྱི་ཟླ་ ༨ ཚེས་ ༣༡ ཉིན་བོད་ལྗོངས་ཉིན་རེའི་གསར་ཤོག་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་རང་གིས་བརྗོད་དོན་བཀོད་པའི་ནང་། སྐུ་དཔར་དེ་ནི་གསེར་ཁྲི་མངའ་གསོལ་གྱི་ཉིན་ཁ་ཤས་རྗེས་ཝུའུ་ཀྲུང་ཤིན་གྱིས་༸གོང་ས་མཆོག་མཇལ་ཞུའི་སྐབས་བསྒྲོན་པ་ཞིག་ཡིན་པ་ལས་ཝུའུ་རང་ཉིད་ནས་གསེར་ཁྲི་མངའ་གསོལ་གྱི་གཙོ་སྐྱོང་བྱས་ལུགས་བཤད་པ་དེ་ནི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཞིག་རེད། གུང་ཁྲན་ཏང་གིས་གོ་མིང་ཏང་བཞིན་དུ་འཁྱོག་བཤད་བསྐྱར་ཟློས་བྱེད་དགོས་པའི་རྒྱུ་མཚན་གང་ཡིན། ཞེས་གསུངས་ཡོད། དེར་བརྟེན་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོའི་སྐབས་ཝུའུ་ཀྲུང་ཤིན་ལ་འབྲུག་དང་། འབྲས་ལྗོངས། བལ་ཡུལ། དབྱིན་ཇིའི་སྐུ་ཚབ་བཅས་ཆེད་བཅར་ཞུས་ཡོད་པ་ཁོང་རྣམས་ལས་ལྷག་པའི་ལས་འགན་གང་ཡང་ཡོད་པ་མ་རེད། དེར་བརྟེན་ཆབ་སྲིད་དང་ཆོས་ཕྱོགས། གཏན་ཚིགས་རིག་པ། ལོ་རྒྱུས་སོགས་གང་གི་ཆ་ནས་༸རྒྱལ་དབང་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ཐག་གཅོད་བྱེད་རྒྱུར་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་དབང་ཆ་རྩ་བ་ཉིད་ནས་མེད་པ་ཧ་ཅང་གསལ་པོ་རེད། ད་ཆ་༸གོང་ས་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་ཡོད་ཀྱང་སྐུའི་འཕྲོད་བཞེས་ཧ་ཅང་ལེགས་པོ་འདུག ཉིན་གཉིས་གོང་ངོས་ལ་༸གོང་ས་མཆོག་གི་མཇལ་ཁ་ཐོབ་བྱུང་། མགོན་པོ་གང་ཉིད་མཆོག་མའོ་ཙེ་ཏུང་སོགས་ཏང་གི་འགོ་ཁྲིད་མང་པོ་ཞིག་ལས་སྐུ་ཚེ་རིང་བ་འཚོ་བཞུགས་མཛད་རྒྱུ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།།