ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཁག་གཅིག་དང་མཇལ་འཕྲད་ཀྱིས་ཞོགས་ཟས་ལྷན་བཞེས་གནང་ཡོད།
སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཀྱིས་གཙོས་བོད་ཀྱི་ཁོར་ཡུག་གི་གནས་སྟངས་ཉམས་རྒུད་ཇེ་ཆེར་འགྲོ་བཞིན་པའི་ཁར་བོད་མཐོ་སྒང་གི་འཁྱགས་རོམ་དེ་དག་ཧ་ཅང་མྱུར་ཚད་ཆེན་པོའི་ཐོག་ནས་བཞུ་དང་བཞུར་བཞིན་པ་དང་། འཁྱགས་རོམ་དེ་དག་བོད་ཀྱི་རྒྱུག་ཆུའི་འགྲོ་ལམ་གཤམ་འོག་གི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་བྷང་ལ་དེ་ཤི་ལྟ་བུའི་ནང་འཐུང་ཆུས་གཙོས་ཉིན་རེའི་འཚོ་བའི་གནས་སྟངས་ཐོག་སྲོག་རྩ་ལྟ་བུར་གལ་གནད་ཧ་ཅང་ཆེ་བར་བརྟེན། འཁྱགས་རོམ་མྱུར་པོའི་ཐོག་ནས་བཞུར་བ་ཡིན་ན་འབྱུང་འགྱུར་གཤམ་འོག་ཡུལ་གྲུ་དེ་དག་ལ་དཀའ་ངལ་ཧ་ཅང་འཕྲད་སྲིད་པའི་གནས་སྟངས་ཐོག་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་འདུག་པ་མ་ཟད། ལྷག་པར་ཕྱི་ལོ་ ༢༠༠༩ ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཤུགས་ཆེ་བྱས་རྐྱེན་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་ཕྱིན་ཡོད་པ་དང་། ཁོང་རྣམས་ཀྱི་མངོན་འདོད་གཙོ་བོ་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ་སོགས་ཡིན་སྐོར་ངོ་སྤྲོད་གནང་།
གཞན་ཡང་སྲིད་སྐྱོང་མཆོག་གིས་བོད་དོན་བདེན་མཐའ་གསལ་ཆེད་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་གནང་བཞིན་པ་དེར་དེང་སྐབས་ཨ་རིའི་སྲིད་འཛིན་སྐུ་ཞབས་བྷ་རག་ཨོ་བྷ་མ་མཆོག་དང་། ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཌོ་ནལ་ཊསྐ་མཆོག་གིས་གཙོས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་རྒྱབ་སྐྱོར་ཇེ་ཆེར་གནང་བཞིན་ཡོད་སྐོར་གསུངས།
ཕྱོགས་མཚུངས་སྐབས་དེར་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་ནས་ཀྱང་བོད་དོན་ཐོག་སེམས་འཁུར་དང་གདུང་སེམས་མཉམ་སྐྱེ་ཡོད་སྐོར། འབྱུང་འགྱུར་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཀྱང་གནང་ཡོད་པ་མ་ཟད། སླད་ཕྱིན་ཉི་ཧོང་ནང་བོད་དོན་འཐབ་རྩོད་ཆེད་ཉི་ཧོང་གཞུང་དམངས་ནས་རྒྱབ་སྐྱོར་སྔར་ལྷག་ཐོབ་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རྣམ་པ་ཉི་ཧོང་ནང་འཚམས་གཟིགས་མུ་མཐུད་གནང་གལ་ཆེ་བའི་འབོད་སྐུལ་ཞུས་འདུག
དེ་རྗེས་སྲིད་སྐྱོང་མཆོག་ Japan Institute for National Fundamentals ཞེས་པའི་བསྟི་གནས་ཁང་དུ་ཕེབས་ཏེ་བསྟི་གནས་ཁང་དེའི་དབུ་འཛིན། ཉི་ཧོང་ཆབ་སྲིད་སློབ་སྟོན་དང་བོད་ཀྱི་རྩ་དོན་ཐད་ཡུན་རིང་ནས་ལྷག་བསམ་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་མཁན་ཉི་ཧོང་གྲོས་ཚོགས་འཐུས་མི་ལྕམ་སྐུ་ས་ཀུ་རཱ་ཧེ་ཡོ་ཤི་ཀོ་ Sakurai Yoshiko མཆོག་དང་། བསྟི་གནས་ཁང་དེའི་ཚོགས་མི་རྣམས་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་སྐོར་ངོ་སྤྲོད་ཞིབ་རྒྱས་གནང་ཡོད་པ་བཅས། །