༢༠༡༦ ཟླ་ ༡ ཚེས་ ༥ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་གི་ཐུགས་འགན་རྐང་བཞེས་གནང་མཁན་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་ལས་ཁུངས་ཀྱིས་༧གོང་ས་མཆོག་གི་བཞུགས་གནས་ཕོ་བྲང་གི་སྲུང་སྐྱོབ་ཆེད་དམ་བསྒྲགས་སྔར་བས་ཆེ་རུ་གཏོང་དགོས་པ་དང་། དེ་འདྲའི་དམ་བསྒྲགས་ཤུགས་ཆེ་གཏོང་ཆེད་མི་ཆ་དང་འཕྲུལ་ཆས། དཔལ་འབྱོར་སོགས་ཀྱི་རྒྱབ་རྟེན་གྱི་མཐུན་འགྱུར་མངའ་སྡེའི་གཞུང་ནས་དགོངས་བཞེས་གནང་དགོས་པའི་སྙན་ཞུ་ཞིག་མངའ་སྡེའི་ནང་སྲིད་ལས་ཁུངས་སུ་ཕུལ་འདུག
དེ་ཡང་རྒྱ་གར་གྱི་གསར་ཤོག་དི་ཊི་བྷུན་ The Tribune ཞེས་པའི་ནང་ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༣༡ ཉིན་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་ཤས་ནང་༸སྐུའི་བཞུགས་གནས་ཕོ་བྲང་ཉེ་འཁོར་དུ་རྒྱ་མིའི་སོ་པ་ཡིན་པའི་དོགས་གཞི་ཅན་གྱི་མི་སྣ་ཁག་གཅིག་འཛིན་བཟུང་བྱས་ཡོད་པ་དང་། ཁོ་པ་ཚོའི་ལག་ནས་ས་ཁྲ་དང་གསང་བའི་ཡིག་ཆ་སོགས་ལག་སོན་བྱུང་ཡོད་པ་ལུང་འདྲེན་བྱས་ཏེ། ད་ཆ་༸སྐུའི་བཞུགས་གནས་ཕོ་བྲང་གཡས་གཡོན་དུ་སྤུས་ཚད་ལེགས་པའི་བརྙན་ལེན་འཕྲུལ་ཆས་དང། ཅ་དངོས་ཞིབ་བཤེར་འཕྲུལ་ཆས། ཉེན་སྲུང་འཕྲུལ་ཆས་རིགས་གསར་འཛུགས་དགོས་སྟབས། མངའ་སྡེའི་གཞུང་གིས་༸རྒྱལ་བའི་ཕོ་བྲང་དང་སྐུ་ཕྱྭའི་སྲུང་སྐྱོབ་ཆེད་དུས་རྒྱུན་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་མི་སྣ་ ༥༠ ཡོད་ཐོག ཉེན་རྟོག་མི་སྣ་གྲངས་འབོར་སྤར་ནས་ཁྱོན་ཉེན་རྟོག་མི་སྣ་གྲངས་ ༡༠༠ ལྷག་གིས་ཆུ་ཚོད་ ༢༤ རིང་༸སྐུའི་སྲུང་ཆའི་འགན་ལེན་ཞུ་རྒྱུ་ཡིན་སྐོར་དང་། དེ་བཞིན་སྤུས་ཚད་ལྡན་པའི་འཕྲུལ་ཆས་དེ་དག་འཛུགས་རྒྱུར་དཔལ་འབྱོར་གྱི་མཐུན་འགྱུར་དགོས་སྐོར་སྙན་ཞུའི་ནང་གསལ་པོར་འཁོད་ཡོད།
སྤྱིར་ཐེངས་འདིར་སྐུ་ཕྱྭའི་སྲུང་སྐྱོབ་དོ་དམ་དུ་གཏོང་རྒྱུའི་འཆར་གཞི་འདི་བཞིན་རྒྱ་གར་གསང་བའི་ལས་ཁུངས་དང་། ཧི་མཱ་ཅལ་མངའ་སྡེའི་གཞུང་གི་བདེ་སྲུང་ལས་ཁུངས་སོགས་གསང་བའི་ལས་ཁུངས་མང་པོ་ཞིག་གིས་ཞིབ་འཇུག་སྙན་ཐོ་གཞིར་བཞག་ཐོག་འཇུག་སྣོན་ལས་འཆར་ཞིག་ཡིན་འདུག
ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་ལས་ཁུངས་ཀྱིས་གོང་གསལ་ཞིབ་ཕྲའི་ལས་འཆར་མངའ་སྡེའི་ནང་སྲིད་ལས་ཁུངས་སུ་ཕུལ་ཡོད་སྟབས་མ་འོངས་པར་མངའ་སྡེའི་ནང་སྲིད་ལས་ཁུངས་ཀྱིས་དབུས་ནང་སྲིད་ལས་ཁུངས་ལ་སྙན་སེང་ཞུ་རྒྱུ་ཡིན་འདུག
ཕྱོགས་མཚུངས་ཉེན་རྟོག་ལས་ཁུངས་ནས་བཞུགས་སྒར་ཉེ་འཁོར་དུ་ཡོད་པའི་དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཀྱང་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཕུལ་ཡོད་པ་བཅས།།