ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྕམ་སྐུ་ཚའི་ཨིང་ཝིན་ Tsai Ing-wen མཆོག་ལ་ཐེངས་འདིར་ཐེ་ཝན་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་ནས་ཡུལ་དེའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་འཚམས་འདྲིའི་གསུང་འཕྲིན་སྩལ་བའི་ནང་འཁོད་དོན། ཐེ་ཝན་ནང་མང་གཙོའི་རིང་ལུགས་ཀྱི་གཞི་རྟེན་ཧ་ཅང་བརྟན་པོར་ཚུགས་ཡོད་པ་མཐོང་སྐབས་སེམས་ནང་བློ་སྤོབས་སྐྱེ་གཞི་ཞིག་ཏུ་གྱུར་ཡོད།
འཛམ་གླིང་ཁྱོན་དུ་རང་དབང་དང་འགན་ཁུར་ལྡན་པའི་འགོ་ཁྲིད་ལ་མོས་པ་ཡོད་མཁན་རྣམས་ལ་མཚོན་ན་ཐེ་ཝན་ཡུལ་འདི་མིག་དཔེ་བཟང་པོ་ཞིག་དང་སྙིང་སྟོབས་སྤེལ་མཁན་ཞིག་ཏུ་གྱུར་ཐུབ་པ་བྱུང་ཡོད། ངོས་རང་མང་གཙོ་གོང་སྤེལ་གཏོང་རྒྱུར་འབད་བརྩོན་ཧུར་ཐག་བྱེད་མཁན་ཞིག་ཡིན་སྟབས། ཐེ་ཝན་མང་ཚོགས་རྣམས་ལ་གྲུབ་འབྲས་འདི་འདྲ་ཞིག་ཐོབ་པར་གུས་འདུད་ཞུ་རྒྱུ་ཡིན་ཞེས་འཁོད།
གཞན་ཡང་གསུང་འཕྲིན་ནང་མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༠༩ ལོར་ཐེ་ཝན་དུ་ཆིབས་སྒྱུར་བསྐྱངས་སྐབས་ལྕམ་ཚའི་ཨིང་ཝིན་མཆོག་དང་མཇལ་འཕྲད་མཛད་པ་དང་། ཡུལ་དེའི་ནང་དཔལ་འབྱོར་དང་ཤེས་ཡོན་ཐོག་ཡར་རྒྱས་ཤུགས་ཆེ་བྱུང་བའི་གཟིགས་ཚུལ་བྱུང་བ་རྣམས་ཐུགས་དྲན་གསོ་མཛད་པ་མ་ཟད། ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་པོ་གཉིས་དབར་བཟང་ཕྱོགས་ཀྱི་འབྲེལ་ལམ་འཛུགས་རྒྱུའི་གཞི་རྩ་ལྟེ་བ་ནི་ཚོང་འབྲེལ་ཡིན་སྟབས། ཚོང་འབྲེལ་ད་དུང་ཡར་རྒྱས་ཕྱིན་པའི་ཐོག་ནས་ཕྱོགས་གཉིས་པོའི་མི་མང་ཕན་ཚུན་དབར་གྱི་འབྲེལ་ལམ་ཉེ་རུ་གཏོང་རྒྱུ་ཧ་ཅང་གལ་ཆེ་ཡིན་སྐོར་དང་། མཐའ་དོན་༸གོང་ས་མཆོག་གིས་ཚའི་ཨིང་ཝིན་མཆོག་གི་སྲིད་འཛིན་ལས་ཡུན་རིང་གཞུང་འབྲེལ་ལས་དོན་སྒྲུབ་སྐབས་དཀའ་ངལ་རྣམས་ལ་གདོང་ལེན་དཔྱིས་ཕྱིན་གནང་ཐུབ་པ་དང་བྱ་བ་ལམ་ལྷོང་ཡོང་བའི་ཐུགས་སྨོན་མཛད། །