༢༠༡༥ ཟླ་ ༡༢ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༡༦ ལོའི་སྔོན་རྩིས་གཏན་འབེབས་གནང་སྐབས་རྒྱ་གར་དང་བལ་ཡུལ་ནང་གི་བོད་མིའི་གཞིས་ཆགས་ཆགས་སྲ་བརྟན་བརྒྱུད་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་དང་། བོད་མི་གཞོན་སྐྱེས་ཚོའི་ཤེས་ཡོན་མཐུན་འགྱུར་སོགས་སྐྲུན་སླད་དགོངས་པ་ཆེས་བཞེས་ཀྱིས་ཨ་སྒོར་ས་ཡ་དྲུག་ $6,000,000 རོགས་རམ་གནང་རྒྱུ་ཡིན་འདུག
རོགས་དངུལ་དེ་ནི་དེ་སྔ་ཨ་རིའི་གྲོས་ཚོགས་ཀྱིས་རྒྱ་བལ་ཡུལ་གཉིས་ཀྱི་བོད་མི་སྐྱབས་བཅོལ་བ་ཚོའི་གཞིས་ཆགས་སྲ་བརྟན་བརྒྱུད་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་སྲུང་སྐྱོབ་སླད་ཨ་སྒོར་ས་ཡ་གསུམ་ $3 million གཏན་འབེབས་བཀའ་འཁྲོལ་གནང་ཡོད་པ་དང་བསྡུར་ན་བརྒྱ་ཆ་ཉིས་ལྡབ་སྤར་ཆ་གནང་ཡོད། དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐེངས་འདིར་ཨ་རིའི་གྲོས་ཚོགས་ནང་རྩིས་ལོ་ ༢༠༡༦ ལོར་བོད་མིར་མཐུན་འགྱུར་རོགས་རམ་ཆེད་ཨ་སྒོར་ས་ཡ་དྲུག་གསོལ་རས་གནང་གཏན་འཁེལ་བར་ཐུགས་རྗེ་ཆེ་ཞུས་དོན། ཨ་རིའི་གཞུང་དང་གྲོས་ཚོགས་གཉིས་ནས་ཐེངས་འདིར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཧྲ་ཏག་ཏག་ངང་རྒྱུན་གནས་ཐུབ་ཐབས་ཆེད་མཐུན་འགྱུར་རོགས་རམ་གནང་བར་བོད་མིའི་སྒྲིག་འཛུགས་ཀྱིས་བཀའ་དྲིན་སྙིང་བཅང་ཐོག་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་ཡོད།།